གཅེས་ཕྲུག་གསུམ། བོད་སྐད་ཤོད།

09/05/2012 20:43



"སྐད་རིགས་མང་པོ་ཤེས་ན་བཟང་མོད་ཀྱང་།།
རང་གི་ཕ་སྐད་བརྗེད་ན་ངོ་རེ་ཚ།།"
ལེགས་བཤད་འདི་དང་ནམ་ཡང་མི་འབྲལ་བར།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

མི་རིགས་མི་གཅིག་ཕྱི་གླིང་གྲོང་ཁྱེར་ནས།།
བོད་སྐད་བོད་ཡིག་མེད་པའི་སློབ་གྲྭ་ནས།།
སྐད་ཡིག་གཞན་པ་མ་སྦྱངས་ཐབས་མེད་ཀྱང་།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

ཁ་སང་དེ་རིང་སྤྱི་ཚོགས་འགྱུར་བ་དང་།།
མི་རིགས་སྣ་མང་གཅིག་ཏུ་འདྲེས་ན་ཡང་།།
ང་ཚོའི་ཤ་དང་རུས་པ་བོད་ཡིན་པས།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

སུ་ཞིག་བོད་རིགས་ཡིན་པའི་ངོ་གདོང་དེ།།
སྐད་དང་ཡི་གེས་གཙོ་བོར་འབྱེད་པ་ལས།།
སྐྲ་ནག་གདོང་དཀར་ཙམ་གྱིས་མི་ཆོག་པས།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

ཨ་ཕས་རྒྱུན་དུ་འབྲི་བ་བོད་ཡིག་ཡིན།།
ཨ་མས་རྒྱུན་དུ་བཤད་པ་བོད་སྐད་ཡིན།།
བོད་སྐད་བོད་ཡིག་ཁྱིམ་གྱི་བརྡ་སྤྲོད་ཡིན།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

གངས་ཅན་བོད་ནས་སྐྱེས་སྐལ་མ་ལྡན་ཞིང་།།
འཕགས་པའི་ཡུལ་ནས་སྡོད་སྐབས་མ་འགྲིག་པས།།
ཕྱི་གླིང་འདི་ནས་འདུག་དགོས་བྱུང་ན་ཡང་།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

བོད་པ་ཡིན་ཡང་བོད་སྐད་མི་ཤེས་ཤིང་།།
སློབ་གྲྭ་འགྲིམས་ཀྱང་བོད་ཡིག་མི་ཤེས་མཁན།།
དེ་ཚོ་ཚང་མ་ར་མ་ལུག་ཡིན་པས།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

ཕྱི་གླིང་ཡུལ་ལ་བསླེབས་ནས་ལོ་གཅིག་ཀྱང་།།
མ་འགོར་ན་ཡང་བོད་སྐད་བརྗེད་སོང་ཞེས།།
ཤོད་མཁན་མ་རབས་དེ་འདྲ་མང་ན་ཡང་།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

ཕ་མ་བུ་ཕྲུག་བོད་པ་ཡིན་ན་ཡང་།།
ཁྱིམ་གྱི་སྤྱི་སྐད་གཞན་སྐད་གྱུར་བ་ཡི།།
གཞན་ལུགས་དེ་འདྲ་ངེད་ཚང་མི་དགོས་པས།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

རང་ཉིད་ཡུལ་གྲུ་གང་དུ་ཆས་ཀྱང་ཆོག །
འཚོ་བ་རོལ་ལུགས་འགྱུར་བ་ཕྱིན་ཡང་ཆོག །
ལུས་ཀྱི་ཤ་ཁྲག་ནམ་ཡང་མི་འགྱུར་བས།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

རྒྱུ་དང་འབྱོར་བ་དེ་ཙམ་མེད་ན་མེད།།
མ་འོངས་མདུན་ལམ་རབ་འབྲིང་ཅི་ཡིན་ཆོག །
ཨ་ཕའི་རེ་བ་བོད་སྐད་བོད་ཡིག་ཡིན།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

ནད་མེད་ཚེ་ཐག་རིང་ནས་འཚོ་བ་སྐྱིད།།
བོད་སྐད་བོད་ཡིག་ཤེས་ནས་ཀུན་སྤྱོད་ལེགས།།
ཨ་ཕའི་རེ་བ་འདི་ལས་ཆེན་པོ་མེད།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

ཨ་ཕར་ཞེ་འདང་ཆེ་ན་བོད་སྐད་ཤོད།།
ཨ་མར་བརྩེ་བ་ཟབ་ན་བོད་སྐད་ཤོད།།
ཕ་མའི་དྲིན་ལན་མཇལ་ན་བོད་སྐད་ཤོད།།
ཨ་ཕའི་གཅེས་ཕྲུག་གསུམ་གྱིས་བོད་སྐད་ཤོད།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།