གསང་བ་བྱེད་རོགས།

02/07/2011 00:40

 

སྐྱེ་བ་སྔོན་དུ་སྨོན་ལམ་མ་བཏབ་ཅིང་།།
མི་ཚེ་འདི་ལ་འབད་པས་མ་བསྒྲུབས་པར།།
ཕྱི་རྒྱལ་ཡུལ་གྲུ་འགྲིམ་པའི་ལམ་བར་ནས།།
ང་དང་ཁྱེད་གཉིས་ལག་པ་ཐེངས་གཅིག་འཇུས།།

ཕྱི་ཡི་ལག་འཇུ་སེམས་ཀྱི་ནང་ལ་སུག །
ཀུ་རེ་དགོད་གཏམ་བདེན་པའི་དཔང་བོར་གྲུབ།།
མིག་ལ་སྣང་བ་སྙིང་གི་ངོས་སུ་ཕབ།།
ཕབ་པའི་རི་མོ་གསལ་ནས་གསལ་དུ་ཕྱིན།།

ཐེངས་གཅིག་ཁ་ཟས་མཉམ་དུ་ཟོས་པ་ནི།།
འཚོ་བ་རིང་མོ་ཞིག་གི་དབུ་འཁྱུད་དང་།།
ཕན་ཚུན་གདོང་ལ་ཐེངས་གཅིག་བལྟས་པ་ཡང་།།
གཅིག་སེམས་གཅིག་ལ་འཁྲེང་བའི་ཁ་བྱང་ཞིག །

མི་ཡི་མི་ཚེ་ཆུ་ཡི་རི་མོ་བཞིན།།
བརྟན་པའི་ཡིད་ཆེས་སུ་ལ་མེད་ན་ཡང་།།
བརྩེ་བའི་སྙིང་ལ་བརྐོས་པའི་རི་མོ་འདི།།
སུབ་ཐབས་མེད་པའི་རྡོ་རྗེ་སྲོག་གིས་བཟུང་།།

ཁྱེད་ཀྱི་སེམས་ན་བདག་ནི་ཟླ་བ་སྟེ།།
བསིལ་ཞིང་གསལ་བའི་འོད་ཟེར་འཕྲོས་ནས་ཡོད།།
བདག་ཡིད་མུ་མཐའ་མེད་པའི་མཚོ་ངོགས་སུ།།
ཁྱོད་ནི་མེ་ཏོག་མཛེས་སྡུག་ལྡན་པ་ཞིག །

ཁྱེད་ལུས་མེ་ཏོག་མཛེས་པ་རྐང་གཅིག་གིས།།
བདག་སེམས་ཡངས་པའི་སྐྱེད་ཚལ་མཛེས་པར་བྱས།།
མི་གཤིས་ཀུན་ཏུ་བཟང་བའི་རྒྱ་རྙི་ཡིས།།
ང་ཡི་རྣམ་ཤེས་རི་དྭགས་དམ་དུ་བཏགས།།

གསོན་པའི་དུས་ཀྱི་ཡིད་སེམས་ཤོར་ས་དང་།།
ཤི་བའི་ཚེ་ན་རྣམ་ཤེས་འཁོར་ས་ཁྱོད།།
སྤྲིན་པ་ནག་པོའི་རྒྱབ་ཀྱི་ཉི་མ་བཞིན།།
སུ་དང་གང་ལ་མ་བཤད་གསང་ནས་ཡོད།།

ཉིན་དང་མཚན་གྱི་དབྱེ་བ་མ་མཆིས་ཅིང་།།
སེམས་ཀྱི་འདོད་པ་འཕར་ལ་མ་བལྟས་པར།།
ཁྱོད་ནི་བདག་སེམས་དྲོ་བའི་མེ་དཔུང་བཞིན།།
གྲང་བའི་སྙིང་གི་དབུས་སུ་དྲོད་ལམ་ལམ།།

འཇིག་རྟེན་འདི་ནས་ལུས་རྟེན་མ་བརྗེ་ན།།
ཡང་ཡང་ཐུག་འདོད་སེམས་པ་བདག་ལ་ཡོད།།
ཕྱི་མའི་གྲོང་ཁྱེར་འགྲིམ་པའི་དུས་སུ་ཡང་།།
སླར་ཡང་ལམ་དུ་འཕྲད་པའི་སྨོན་ལམ་ཡོད།།

དོན་དངོས་མ་ཡིན་ཚོར་བས་བསྒྲིགས་པ་ཡི།།
བརྩེ་དུང་སྙན་ངག་སྨྱོན་པའི་ཁེར་བཤད་འདི།།
བདེན་པ་རེད་ཅེས་སུས་ཀྱང་མི་འདོད་མོད།།
བདག་གི་ཆུང་མར་མ་བཤད་ཐུགས་རྗེ་ཆེ།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།