ང་དང་ཁྱོད་ཀྱི་ལམ།
28/06/2011 19:57
ནམ་མཁའི་སྤྲིན་པ་ལོང་ལོང་དཀྲིགས་པའི་འོག །
ས་ཡི་མེ་ཏོག་འདབ་མ་དགོད་པའི་སྟེང་།།
ང་དང་ཁྱོད་ཅེས་དབྱེ་བའི་མི་ཡི་བར།།
ཉེ་རིང་སོ་སོར་བགྲོད་པའི་ལམ་ཞིག་མཆིས།།
ཁྱོད་ཀྱི་ལམ་ནི་རྒྱུ་དང་འབྱོར་བའི་ལམ།།
བདག་གི་ལམ་ནི་དཀའ་སྡུག་ཁྲག་གི་ལམ།།
ཁྱོད་ཀྱི་ལམ་ནི་ཅི་འདྲའི་བདེ་ཞིང་འཇམ།།
བདག་གི་ལམ་ནི་ཅི་འདྲའི་སྡུག་ལ་རྩུབ།།
ཁྱོད་ཀྱི་ལམ་དུ་རྒྱབ་ནས་སྐྱོར་མ་ཡོད།།
ཁྱོད་ཀྱི་ལམ་དུ་མདུན་ནས་འཐེན་མཁན་ཡོད།།
ཁྱོད་ཀྱི་མིག་གཉིས་བཙུམས་ཏེ་སོང་ན་ཡང་།།
རྐང་པ་རྡོ་ལ་ཐོག་པ་ནམ་ཡང་མེད།།
བདག་གི་ལམ་དུ་མ་ཤི་གསོན་འདྲེ་མང་།།
མདུན་ལ་སྤོས་ན་སྲོག་གི་ཉེས་པ་ལྕི།།
རྒྱབ་ཏུ་མནར་ཚེ་མི་ཁའི་མཆེ་བ་གཙིགས།།
ལམ་འདིའི་ཕ་རོལ་བརྒལ་བ་བདག་ལ་མེད།།
ཁྱོད་ཀྱི་ལམ་དུ་རྫུན་དང་ཕྲ་མ་ཡང་།།
ཡང་དག་ཉིད་ལ་བསྒྱུར་བའི་བྱེད་པོ་ཡོད།།
བདག་གི་ལམ་དུ་དྲང་བདེན་སྨྲ་བའི་གཏམ།།
བདེན་པ་ཉིད་དུ་ཐོས་པའི་རྣ་བ་མེད།།
ཁྱོད་ཀྱི་ལམ་ཀྱི་ཀྱོག་མཚམས་རེ་རེ་ན།།
ཁྱོད་ལ་བསུ་མ་བྱེད་པའི་སྣེ་ལེན་ཡོད།།
བདག་གི་ལམ་གྱི་གུག་སོ་རེ་རེ་ན།།
རྐང་པའི་རུས་པ་གཅོད་པའི་ལྕགས་རྙི་མང་།།
ཁྱོད་ཀྱི་ལམ་དུ་རྫུན་མའི་ལྷ་ཞིག་ཡོད།།
ལྷ་ཡི་བྱིན་རླབས་ནང་ཡང་ཁྱོད་ལ་འཇུག །
བདག་གི་ལམ་དུ་ངོ་མའི་འདྲེ་ཞིག་ཡོད།།
འདྲེ་ཡི་གནོད་པ་བཟློག་པའི་ཐབས་མ་མཆིས།།
བདག་གི་ལམ་འདི་ཁྱོད་ཀྱིས་མི་འདོད་ཅིང་།།
ཁྱོད་ཀྱི་ལམ་དེ་བདག་ལ་ཅི་སྟེ་འཐོབ།།
འཇིག་རྟེན་འདི་ཡི་རྐང་ལམ་ཕྲ་མོ་གཉིས།།
གནའ་ནས་དེ་རིང་བར་དུ་འདི་ལྟར་གནས།།
Tags:
———
Back


