ང་ཚོ་མཉམ་དུ་འཕུར།

01/07/2011 22:18

ཁ་སང་ང་རང་སྐྱེས་པའི་དུས་སུ་བདག་གི་ཡུལ་ལ་རླུང་དམར་ལྡིང་།།

དྲག་ཏུ་བབས་པའི་ཆར་རླུང་ཁྲོད་ནས་གནམ་ལྕགས་ཐོག་གིས་མེ་ལྕེ་མཆེད།།
གངས་རི་དཀར་པོ་བཞུས་པར་བྱས་ཤིང་སྤང་ལྗོངས་སྔོན་མོ་ཐལ་བར་བསྲེགས།།
ས་གཞི་ཐམས་ཅད་ཁྲག་གིས་བརླན་པས་འཇིགས་སུ་རུང་བའི་ཡུལ་དུ་བྱས།།

དེ་ནི་ས་དང་གནམ་ལས་ཐོན་པའི་རང་བྱུང་ཁམས་ཀྱི་གནོད་འཚེ་མིན།།
དེ་ནི་གངས་ཅན་ཁ་བའི་ཡུལ་ལ་དམར་པོ་དམག་གིས་བཙན་འཛུལ་རེད།།
བཙན་འཛུལ་དྲག་པོའི་འདྲེ་ལག་དེ་ཡིས་འགྲོ་བ་མི་ཡི་རང་དབང་དང་།།
ཚེ་སྲོག་ཡོད་ཚད་ཐལ་བར་བརྫིས་ཏེ་ཁྲག་གི་མཚོ་མོ་བོད་ལ་བསྐྱིལ།།

ཤིན་ཏུ་ནས་ཀྱང་འཇིགས་སུ་རུང་བའི་ལོ་ཟླ་ནག་པོའི་ཉིན་མ་དེར།།
སྡེར་མོ་རྩུབ་པའི་བྱ་ཁྲས་བདས་པའི་ཉམ་ཆུང་བྱིའུ་འཕུར་བ་བཞིན།།
རྨས་མ་མང་པོ་རང་དབང་མེད་པར་རང་དབང་ཞིག་གི་ཆེད་དུ་བྲོས།།
གནམ་ས་གཉིས་ལ་རེ་བ་བཅོལ་བཞིན་ཞི་བདེའི་གླིང་ཞིག་འཚོལ་ཕྱིར་བྲོས།།


དེ་རིང་བདག་ནི་ཕྱི་ལ་འཁྱམས་དུས་རྒྱལ་ཁབ་ཀུན་ལ་བསིལ་རླུང་ལྡིང་།།
འཇམ་པོ་རླུང་དང་འགྲོགས་པའི་སྦྲང་ཆར་སིམ་སིམ་ལྷོད་ཀྱིས་ས་ལ་འབབ།།
འཇའ་ཚོན་སྣ་ལྔ་བཀྲ་བའི་འོད་ཀྱིས་རི་བོ་འཁྱུད་ཅིང་སྤང་ཐང་བརྒྱན།།
ས་གཞི་སྒེག་པའི་མཛེས་སྡུག་རབ་ལྡན་སྐྱེ་བོ་ཀུན་གྱི་མིག་གི་དཔྱིད།།

འདི་ནི་རང་བྱུང་ཁམས་ཀྱི་མཛེས་སྡུག་ས་གཞི་ཕང་བར་ཆགས་པ་མིན།།
འདི་ནི་ཕྱི་གླིང་ཀུན་ལ་ལྡན་པའི་འགྲོ་བ་མི་ཡི་མང་གཙོ་རེད།།
རང་དབང་མཆིས་ཤིང་མང་གཙོ་ལྡན་པའི་ལྷ་ཡི་ཕྱག་ཟུང་མཉེན་མོ་ཡིས།།
འགྲོ་བ་ཀུན་གྱི་ཚེ་སྲོག་ལ་ནི་ཉི་མ་ལྟ་བུའི་འོད་སྣང་སྦྱིན།།

ལོ་དང་ཟླ་བའི་འཁོར་བསྐྱོད་ཁྲོད་དུ་བདག་པོ་རྙེད་པའི་སྒོ་ཁྱི་བཞིན།།
བོད་པ་དང་ནི་རྒྱ་རིགས་མང་ཞིག་ཕྱི་གླིང་བ་ཡི་ཉེ་སར་བཅར།།
ཐུན་མོང་ཞིག་གི་འདོད་པ་འཚོལ་བཞིན་ཁེ་ཕན་ཞིག་གི་ཆེད་དུ་བསླེབས།།
མང་གཙོ་ལྡན་པའི་རྒྱལ་ཁབ་ཡོངས་ལ་སྙིང་གི་ཡིད་ཆེས་བཅོལ་བཞིན་འདུག །


སང་ཉིན་ང་རང་འཆི་བའི་དུས་སུ་བདག་གི་ཕ་ཡུལ་ཁ་བའི་ལྗོངས།།
སྔོན་ལྟར་རླུང་དམར་དྲག་པོ་གཡུགས་ཏེ་ས་གཞི་ཁྲག་གིས་བརླན་བྱེད་དམ།།
འཇའ་ཚོན་སྣ་ལྔའི་བཀྲག་མདངས་བཀྲ་པའི་མཛེས་སྡུག་གསར་བའི་དཔལ་རྒྱས་ཏེ།།
ས་གཞི་རི་ལུང་ལྟ་ན་སྡུག་ཅིང་བདེ་ལྡན་ཁམས་སུ་འགྱུར་རམ་ཅི།།


གང་ལྟར་བདག་གིས་ཕ་ཡུལ་དྲན་ཞིང་ཕ་མ་དྲན་པའི་གདུང་བ་འདི།།
རྨི་ལམ་སྐྱིད་པོ་ཞིག་ལ་བཅོལ་བཞིན་ཕུག་རོན་དཀར་པོ་ཁྱུ་དང་ལྷན།།
ང་ནི་ནམ་ཡང་འཕུར་ནས་བུད་འགྲོ་མཁའ་དབྱིངས་ཆེན་མོའི་མཐོངས་ངོས་སུ།།
ཤོག་དང་ཞི་བདེའི་ནམ་མཁའ་འདི་ནས་ང་ཚོ་ཚང་མ་མཉམ་དུ་འཕུར།།

གསལ་བཤད། རྒན་ལྷ་མོ་སྐྱབས་ལགས་ཀྱི་གྲོལ་རྩོམ་༼མཉམ་དུ་འཕུར་༽ ཞེས་པ་གུས་པས་བཅད་རྩོམ་དུ་ཕབ་པ་ཞིག་ཡིན།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།