ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ། གཅིག

22/07/2014 18:19



       ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

འབའ་སྲས།
                  གཅིག

  ངེད་ཕ་བུ་གཉིས་ཟི་ལང་ལ་འབྱོར་དུས་མཚན་གྱི་ཆུ་ཚོད་དགུ་བ་རེད། ཟི་ལང་གི་གནམ་ཐང་ནི་དེ་ཙམ་ཆེ་རྒྱུ་མེད་ན་ཡང་། མགྲོན་པོ་ལ་སྣེ་ལེན་བྱེད་མཁན་དང་སྔན་ན་ཡོང་མཁན་གྱི་མི་ཚོགས་ཧ་ཅང་མང་། མགྲོན་པོར་སྣེ་ལེན་བྱེད་མཁན་མང་པོའི་ནང་ནས་གཙོ་ཆེ་བ་དང་མི་མང་བའི་སྣེ་ལེན་པ་སྐོརགཉིས་ཀྱིས་གྲུབ་འདུག གཅིག་ནི་སྒྱུ་རྩལ་ཚོགས་པ་ཞིག་རེད། སྒྱུ་རྩལ་ཚོགས་པ་འདི་སྣེ་ལེན་བྱེད་མཁན་དག་གཞུང་ངམ་ཚོགས་པ་གང་རུང་ཞིག་གི་རྩ་འཛུགས་ལྟར་གོ་སྒྲིག་བྱས་འདུག 
ཁོ་ཚོ་གནམ་གྲུའི་འབབ་ཐང་དཀྱིལ་དུ་བསླེབས་ཡོད་པ་མ་ཟད། གསར་འགོད་པ་དང་བརྙན་ལེན་པ། ཁ་བཏགས་འཐེན་མཁན་སོགས་མི་ཧ་ཅང་མང་པོ་འདུག སྣེ་ལེན་བྱེད་མཁན་མང་པོ་བསླེབས་ཡོད་པའི་ནང་གི་གཅིག་ནི་ངེད་ཕ་བུ་གཉིས་རེད། ངའི་དངོས་སྤུན་ཕུ་བོ་དང་ནུ་བོ། ཚ་བོ་དང་ཚ་མོ། མནའ་མ་དང་མག་པ། ཕ་སྤུན་དང་མ་སྤུན། གྲོགས་པོ་དང་ཉེ་རིང་སོགས་རླངས་འཁོར་བཞི་བསླེབས་འདུག  ཁོ་ཚོ་གནམ་ཐང་གི་ཕྱི་ལོག་ཏུ་ངེད་གཉིས་ལ་སྒུག་ནས་བསྡད་འདུག ངས་ཐོག་མ་ཁོང་ཚོ་གང་དུ་སྒུག་ཡོད་པ་མ་མཐོང་ཡང་། ངའི་བུ་མོས། "པ་ལགས། ཁྱེད་ཀྱི་སྤུན་ཚང་མ་པ་ལགས་ཁྱེད་དང་འདྲ་བར་མགོའི་སྐྲ་ཡར་སངས་ཡོད་པ་ཨེ་ཡིན་"ཞེས་དྲིས་སོང་། སྐབས་དེར་ང་ཅ་ལག་ལ་མགོ་འཁོར་ནས་ཁོ་ཚོ་གང་དུ་ཡོད་པ་བལྟས་མེད། ངས་ཡིན་ཞེས་བུ་མོ་ལ་ལན་བཏབ་པ་དང་ཁོང་ཚོ་གང་དུ་འདུག་ཅེས་དྲིས་པ་ན། བུ་མོས་ཁོང་ཚོ་ཡོད་སའི་ས་དེར་བསྟན་སོང་། ང་ཕར་རྒྱུགས་ནས་བལྟས་ཙ་ན་ཁོང་ཚོ་ཚང་མས་ངེད་ཕ་བུ་གཉིས་ལ་ངང་སྒུག་གི་མིག་ཅེར་ནས་ཡོད་པ་མཐོང་། ངས་ང་འདི་ན་ཡོད་སྟོན་པའི་བརྡ་རུ་ལག་གཡུག་ཅིག་བྱས་ཏེ་ཕྱིར་ཅ་ལག་ལེན་དུ་སོང་། ཅུང་མ་འགོར་བར་ངའི་རྒྱབ་ཁུག་གཉིས་ཆ་མདུན་དུ་བསླེབས་སོང་། 

   ང་དང་བུ་མོ་གཉིས་ཀྱིས་རྒྱབ་ཁུག་ཆུང་བ་རེ་རྒྱབ་ཏུ་འཁུར་ཞིང་ཆེ་བ་རེ་དྲུད་དེ་གནམ་ཐང་གི་འགག་སྒོ་ནས་ཕྱིར་བུད་མ་ཐག ངེད་གཉིས་སྣེ་ལེན་བྱེད་མཁན་དག་མདུན་དུ་རྒྱུགས་ཡོང་ནས་འགྲམ་པར་གླན་ཞིང་སྐེ་ལ་འཐམས་པ། ཁྱེད་རང་གི་གཟུགས་པོ་སྐམ་འདུག་ཅེས་བཤད་ཞོར་མིག་ལས་དྲན་གདུང་དང་སྐྱོ་སེམས་ཀྱི་མིག་ཆུ་བཞུར་བཞིན་འདུག སྐབས་དེར་ང་ཡང་དགའ་སྐྱོ་གཉིས་འདྲེས་ཀྱི་མཆི་མ་ལྷུང་གྲབས་བྱས་ན་ཡང་། ངས་ཁོང་ཚོ་མིག་ཆུ་གཅོད་བྱེད་དུ་དགོད་ཅིང་འཛུམ་ཅི་ཐུབ་བྱས། ཁོང་ཚོས་མི་རེ་རེ་བྱས་ནས་ངའི་སྐེ་ལ་ཁ་བཏགས་གཡོགས་པས་ངའི་ལུས་ཧྲིལ་བོར་ཁ་བཏགས་ཀྱིས་ཁེབས་ནས་ཧ་ལམ་ངའི་ལུས་པོ་ཡང་མཐོང་མི་ཐུབ་པར་གྱུར།  སྐབས་དེར་མི་ཞིག་གིས་ཁོང་ཚོར་རྒྱ་སྐད་ཀྱིས་ཁོ་བླ་མ་ཞིག་རེད་དམ། དཔོན་པོ་ཞིག་རེད་ཅེས་དྲིས་ཀྱང་ཁོང་ཚོ་སུས་ཀྱང་ལན་ཅི་ཡང་མ་ཕྱིན་པས་མི་དེ་ངེད་ཚོའི་རྗེས་ལ་ཅེར་ནས་འདུག ངའི་དངོས་སྤུན་ཚོས་ང་གཡོས་ནས་བསྐོར་ཞིང་གཡོན་ནས་སྐྱོར་བཞིན་རླངས་འཁོར་གྱི་ཕྱོགས་སུ་སོང་། རླངས་འཁོར་ནང་མ་བསྡད་པའི་སྔོན་ལ་ངས་ངོ་མི་ཤེས་པའི་མི་འགའ་ཤས་ཡོད་པ་ངའི་ནུ་བོས་ང་ལ་མཚམས་སྦྱོར་བྱ་ཞོར་སུ་དང་སུ་རླངས་འཁོར་གང་དང་གང་དུ་འདུག་དགོས་གོ་སྒྲིག་བྱས། ང་དང་ངའི་བུ་མོ། ངའི་ཕུ་བོ་དང་ནུ་བོ་ད་དུང་ཕ་སྤུན་ཞིག་དང་བཅས་ངེད་ལྔ་བོ་རླངས་འཁོར་གཅིག་ཏུ་བསྡད། ང་འདུག་སའི་རླངས་འཁོར་དེ་ནི་ཧ་ཅང་རིན་གོང་ཆེ་ཞིང་བདེ་འཇགས་ལ་ཉེན་ཁ་ཆུང་བའི་རླངས་འཁོར་ཞིག་ཡིན་པ་དང་། ཆབ་ཆ་ན་དེ་ལྟ་བུའི་རླངས་འཁོར་གཉིས་ལས་མེད་ཟེར། 

   དགོང་མོ་དེར་ངེད་ཚོ་ཚང་མ་ཟི་ལིང་དུ་མ་བསྡད་པར་ཆབ་ཆ་ལ་ཤར་བསྐྱོད་བྱས། རྒྱུ་མཚན་ནི། ངའི་ཨ་མ་གཉིད་མ་ཁུག་པར་ང་ལ་སྒུག་ཡོད་པས་རེད། ངེད་ཚོ་ཧོང་ཡན་ཟེར་བ་དེར་འབྱོར་ནས་ཟ་ཁང་ཞིག་གི་ནང་ཁ་ལག་ཟོས། ཟ་ཁང་དེའི་ཁ་ལག་ཞིམ་ཞིང་རིན་གོང་ཡང་ཅུང་མཐོ་བ་ཞིག་རེད། ཟ་མའི་རིན་པ་ནི་ངས་སྟེར་ཁོས་སྟེར་ཟེར་ནས་འཚང་ཁ་རྒྱག་གི་འདུག སྐབས་དེར་ངའི་སེམས་ལ་ཁོང་ཚོ་ང་ལ་ཅི་འདྲའི་བརྩེ་སེམས་ཤིག་ཡོད་ཨང་བསམས་པ་ལས་ཅི་ཡང་བཤད་མ་ཐུབ། ཟ་མ་ཟོས་རྗེས་སྔོན་ལྟར་ཆབ་ཆའི་ཕྱོགས་སུ་བཞུད། ཆབ་ཆ་ལ་ཐག་ཉེ་རུ་འགྲོ་དུས་ངའི་སེམས་ལ་ཡང་ཨ་མའི་ངོ་གདོང་གསལ་རུ་འགྲོ་བཞིན་འདུག 

            ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

                        གཉིས།
འབའ་སྲས།

 བྱ་འཕུར་བ་དང་འདྲ་བའི་རླངས་འཁོར་བཞི་བོ་གཅིག་རྗེས་གཅིག་མཐུད་ཀྱིས་ངེད་ཚང་གི་སྒོ་འགྲམ་དུ་འབྱོར་ཞིང་བསྡད། ངའི་ཨ་མ་འདུག་སའི་ཁང་བ་ནི་ཐོག་བརྩེགས་བཞི་བའི་ནང་རེད། གློག་ད་དུང་བཀར་ནས་འདུག མཚན་གྱི་ཆུ་ཚོད་དང་པོ་རེད། ཨ་མ་ད་དུང་ཉལ་མེད་པ་ཤེས། ང་སྔོན་དུ་རྒྱུགས་ནས་སྒོ་བརྡུངས་པ་ན་ངའི་ནུ་བོའི་ཆུང་མས་སྒོ་ཕྱེས་ཏེ་ང་ནང་ལ་ཕེབས་བསུ་བྱས། ངའི་ཨ་མ་འབོལ་སྟན་ལ་བསྡད་དེ་ང་ལ་སྒུག་ནས་འདུག ངས་ཨ་མ་མཐོང་དུས་རང་དབང་མེད་པར་མིག་ལས་མཆི་མ་ཟེགས་ཤིང་ཨ་མའི་འགྲམ་པར་འོ་བྱ་ཞོར་ངུ་ནས་བསྡད། ངའི་སྤུན་དང་སྣེ་ལེན་པ་ཚང་མ་ཡང་ཁྱིམ་དུ་བསླེབས་ནས་ང་དང་ཨ་མ་གཉིས་ལ་ལྟ་ཞོར་མིག་མཐའི་མཆི་མ་ཕྱིས་བཞིན་འདུག ངའི་ཨ་མ་ལོ་ཆེ་བའི་སྒང་ལ་ན་ཚ་ཞིག་ཀྱང་བྱུང་འདུག ངས་ཨ་མ་ལ་ན་ཚ་ཞིག་བྱུང་ཡོད་པ་གཏན་ནས་མ་ཤེས། ཨ་མས་ང་ལ་ཐོན་དང་ནས་ད་མ་ངུ། ཨ་མར་སྐྱོན་མི་འདུག ད་ཟ་མ་ཟོ་ཟེར་བ་ལས་མིག་མཐར་མཆི་མ་ཞིག་ཀྱང་འཁོར་མ་སོང་། དེ་ནི་ངའི་ཨ་མ་ཕོ་སྐྱེས་པ་ཞིག་ལས་སེམས་རྒྱ་ཡངས་ཤིང་བློ་ཁོག་ཆེ་བ་དེའི་རྐྱེན་རེད། ངས་ཤེས་དུས་ནས་ངའི་ཨ་མར་འགྲན་ཐུབ་མཁན་སྐྱེས་པ་ཚོའི་ནང་དུ་ཡང་རེ་ཙམ་ལས་མེད། ད་དུང་སེམས་རྒྱ་དེ་ལྟར་རེད་འདུག  ངའི་ཕུ་བོ་དང་ནུ་བོས་ཚང་མས་ད་ཟ་མ་ཟ་ཟེར་ཞོར་ཤ་དང་སིལ་ཏོག་བཅས་ཀྱི་སྡེར་ཀ་བཤམས་ཤིང་། ཇ་ཆང་གི་དཀར་ཡོལ་རྣམས་མདུན་དུ་བསྒྲིགས། ང་ཡང་སེམས་ཅུང་ལྷོད་ལ་བབས་ཏེ་འོ་ཇ་འཐུང་བ་དང་ཨ་མ་ལ་ཡང་ཇ་འཐུང་རོགས་ཟེར་ནས་ཨ་མའི་འགྲམ་དུ་བསྡད། ཨ་མས་ཀྱང་ཟ་མ་མང་ཙམ་ཟོས་སོང་། ཆུ་ཚོད་གཅིག་ཙམ་སོང་བའི་རྗེས་ཙ་ན། ངའི་ནུ་བོས་ད་ཨ་མ་ཉལ་དུ་བཅུག་ནམ་གུང་བཟིར་འདུག་སང་ཉིན་ཁ་བརྡ་བྱོས་ཟེར། ཨ་མས་ཀྱང་ཡ་ཟེར་ནས་ཉལ་དུ་སོང་། ངས་ཨ་མ་ཉལ་ཁང་དུ་ཁྲིད་དེ་ཉལ་དུ་བཅུག་རྗེས་ཁོང་ཚོ་མཉམ་དུ་ཁ་བརྡ་བྱས་པ་དང་ཆང་ཡང་ཉུང་ཙམ་འཐུང་། ངས་ནུ་བོས་ལོ་ངོ་གསུམ་ལ་ཁ་མ་ཕྱེས་པའི་རྒྱ་ཆང་"རིན་ཐིག་མ" རྒྱ་མ་གཉིས་ངའི་ཆེད་དུ་གཉེར་ཡོད་པ་ཁ་ཕྱེས་ཏེ་མི་རེ་ལ་མཆོད་ཆང་རེ་དྲངས་རྗེས་ཆང་འདི་ངའི་ཆེད་དུ་གཉེར་བ་ཡིན་པས་ང་གཅིག་པུ་ལས་གཞན་གྱིས་འཐུང་མི་ཆོག་ཟེར། ཚང་མས་ལགས་སོ།། ཡིན་དང་ཡིན་ཟེར། མི་རེ་རེས་ཆང་སྐལ་ཡིན་ཟེར་ནས་ང་ལ་ཆང་འདྲེན་བྱས། ངས་ཀྱང་འདི་ནས་འཁྱེར་བའི་རྒུན་འབྲུམ་ཆང་འགའ་ཁ་ཕྱེས་ཏེ་ཁོང་ཚོ་ཚང་མར་ཆང་སྐལ་རེ་ཕུལ། དེ་དགོང་མོའི་སྤྲོ་སྐྱིད་ནི་སྤྱིར་བཏང་བ་ཞིག་ག་ལ་ཡིན། ནམ་ཡང་ཇི་ལྟར་ལངས་མིན་མ་ཤེས། 
    ཆབ་ཆ་ནས་འདི་ལྟར་དགའ་སྤྲོ་དང་ལྷན་འཛོམས་ངང་ཉིན་གཉིས་བསྡད་རྗེས། ཆབ་ཆ་རུ་ཡོད་པའི་གཉེན་ཉེ་ཚང་འཛོམས་ཐོག་མཚོ་སྔོན་པོར་ལྟ་སྐོར་དུ་ཆས། མཚོ་སྔོན་པོ་ནི་ཆེ་ཞིང་ཡངས་ལ་དྭངས་ཤིང་གཙང་། ཉིན་དེ་གནམ་གཤིས་ཀྱང་དྲོད་ཅིང་འཇམ། ངེད་ཚོ་ཚང་མ་མཚོ་གྲུ་རུ་བསྡད་དེ་ཟུར་གྱི་མཚོ་མཐའ་རུ་སོང་། ཕྱིར་མཚོ་འགྲམ་དུ་བསླེབས་རྗེས། རྟ་ལ་ཞོན་པ་དང་གཡག་ལ་ཞོན་པ ་པར་རྒྱག་པ་སོགས་བྱོས་རྗེས། ངའི་ནུ་བོའི་གོ་སྒྲིག་ལྟར་གུར་ཆེན་ཞིག་གི་ནང་དུ་སོང་ནས་ཉིན་གུང་གི་ཟ་མར་རོལ། ཉིན་དེའི་ཟ་མ་ནི། ལུག་ཤ་དང་ཉ་ཤ། ཁྲག་རྒྱུ་དང་མཆིན་རྒྱུ། རྒྱུ་སྦོམ་དང་རྒྱུ་ཕྲ། སྔོ་ཚལ་དང་། ཤ་ཚལ། ཞོ་དང་འོ་མ་སོགས་ཟས་རིགས་ཧ་ཅང་མང་པོ་མངགས་འདུག ཉིན་དེ་ནི་ལྟ་སྐོར་དང་ཟ་འཐུང་ངང་ཇི་ལྟར་འདས་མིན་ཡང་མ་ཤེས། ཕྱིར་ཆབ་ཆར་སླེབས་དུས་ས་ཡང་རུབ་འདུག 

   དེ་ཕྱི་ཉིན་ཨ་མ་དང་ངེད་ཚོ་ཚང་མ་ཤིང་སྡོང་མང་པོའི་སྐྱིད་གླིང་ཞིག་ཏུ་སྤྲོ་སངས་དུ་སོང་། སྐྱིད་གླིང་དེ་རུ་གུར་ཆེ་ཆུང་འགའ་ཕུག་ཡོད་ལ། མི་རྣམས་རྒྱུན་དུ་སྤྲོ་སངས་བྱེད་ས་རེད་ཟེར། ཉིན་དེར་ལུག་ཅིག་ལ་མ་ཎི་བཏོན་ཏེ་རྒྱས་ཟ་རྒྱས་འཐུང་གི་རྣམ་པ་ཆེ་ཆེར་བྱས། སྐྱེས་པ་ཚོས་ཆང་འཐུང་བ་དང་གླུ་ལེན་པ། བུད་མེད་ཚོས་ཀྱང་གླུ་ལེན་པ་དང་གོར་བྲོ་ལྡིང་བ། བྱིས་པ་ཚོས་ཆུ་རྩེད་བྱེད་པ་དང་ཉ་འཛིན་པ་སོགས་གང་འདོད་ལྟར་རྩེས་སོང་། ཉིན་དེར་ངའི་ཨ་མའི་ཁ་ངོ་ཇེ་དྭངས་སུ་འགྲོ་བ་དང་གཟུགས་པོ་ཡང་ཇེ་བདེ་རུ་འགྲོ་བཞིན་པའི་སྣང་བ་ཤར། དོན་དངོས་སུ་ང་བསྡད་པའི་རིང་ལ་ངའི་ཨ་མའི་གཟུགས་པོ་ཡག་ཏུ་འགྲོ་བ་མ་ཟད། ངའི་ལུས་པོ་ཡང་ཅུང་ཙམ་རྒྱགས་པ་ཆགས། འདི་དག་ནི་སེམས་ཀྱི་བདེ་བ་དང་ལྷན་འཛོམས་ཀྱི་དགའ་སྤྲོ་ལས་བྱུང་བ་ཞིག་ཅི་ལ་མིན།


            ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།
                         གསུམ།
འབའ་སྲས།

 ང་ནི་ལ་གཞས་ལ་དགའ་ཞིང་ལ་གཞས་ལེན་རྒྱུ་ལ་ཡང་ཧ་ཅང་དགའ། ངའི་ནུ་བོ་གཉིས་པས་ང་ལ་ཁ་པར་བསླེབས་ཏེ་ས་ཆ་ག་གེ་མོར་འདིར་ཤོག་དང་ཁྱེད་ལ་ལ་གཞས་ལེན་རོགས་ཤིག་བཙལ་ཡོད་མགྱོགས་པོར་ཤོག་ཟེར། དེ་ནི་སྡོང་རའི་སྐྱིད་གླིང་གི་ཕྱི་ཉིན་རེད། ང་ས་དེར་སླེབས་དུས་མི་འགའ་ཤས་ཀྱིས་ང་ལ་སྒུག་འདུག ཁོ་ཚོ་ནི་ངའི་སྤུན་དང་ཚ་བོ་རྣམས་རེད། ཁོ་ཚོའི་གྲོགས་པོ་འགའ་ཤས་ཀྱང་འདུག བུ་མོ་གཉིས་ཡོད་པ་ནི་ང་ལ་ལ་གཞས་ལེན་རོགས་ཁྲིད་ཡོང་བ་ཡིན་ཟེར། བུ་མོ་གཅིག་ནི་ཤ་ཅུང་ཙམ་སྐམ་ཞིང་གཟུགས་དང་མོ་སྒོ་ཡང་ཡག་ཙམ་འདུག ངའི་ནུ་བོ་གཉིས་པས་བཤད་ན་མོ་ནི་སྔོན་མ་ཞིག་ལ་ཁ་པར་ནང་ང་ལ་ལ་གཞས་ལེན་མཁན་དེ་རེད་ཟེར། ང་ཅུང་ཙམ་ངོ་ཚ་ཞོར་འཚམས་འདྲི་བྱས། བུ་མོ་དེ་ཡང་ངོ་ཚ་བའི་རྣམ་འགྱུར་སྟོན་བཞིན་ང་ལ་བདེ་མོ་ཞེས་འཚམས་འདྲི་བྱས། ཅུང་མ་འགོར་བར་ངེད་གཉིས་ཀྱིས་ལ་འགོ་བརྩམས། ཕལ་ཆེར་ཆུ་ཚོད་གཉིས་ཙམ་ལ་ལ་གཞས་ལེན་རེས་བྱས། ཁོ་ཚོ་ཚང་མས་ང་ལ་བསྟོད་བསྔགས་བྱེད་ཀི་འདུག རྒྱུ་མཚན་ནི། ལོ་ཉི་ཤུར་ཕ་ཡུལ་ལ་མ་བསླེབས་ན་ཡང་ཕ་སྐད་བརྗེད་མེད་པ་མ་ཟད། ལ་གཞས་འདི་འདྲ་སྙན་མོ་ལེན་གི་འདུག ཁྱོད་ཀྱིས་ཕྱི་རྒྱལ་ནས་ལ་གཞས་བླང་ནས་བསྡད་པ་ཡིན་ནམ་ཞེས་ཀུ་རེ་ཡང་རྩེས་ཀི་འདུག ལ་གཞས་ཀྱི་ནང་དོན་ལ་བལྟས་ནས་དགོད་ཁ་སྣ་ཚོགས་ལྷང་། འགའ་ཤས་ཀྱིས་ཞི་མོ་འདི་ཁྱོད་འགྲོ་ཁར་ཁྲིད་སོང་ཟེར། འགའ་ཤས་ཀྱིས་ཁྱོད་ཕྱིར་མ་འགྲོ་མག་པ་སྡོད་ཤོག་ཟེར། གང་ལྟར་ཞེ་མཐུན་པའི་ལ་གཞས་ཀྱིས་ངེད་གཉིས་ཀྱི་ཞེ་རྩ་སྙོམ་པར་བསྒྲིགས་ཡོད། བུ་མོ་འདི་གཞུང་དྲང་ཞིང་གཤིས་ཀ་འཇམ་པ་མ་ཟད། ལ་གཞས་ལ་མཁས་པ་དང་སྐད་ངག་ཀྱང་སྙན་མོ་འདུག བུ་མོ་འདིས་ང་ལ་ཐེངས་གསུམ་ལ་རྩེད་རོགས་འདུག་རོགས་བྱས་མྱོང་། ད་དུང་བུ་མོ་གསུམ་གྱིས་ལ་གཞས་ལེན་རོགས་དང་འདུག་རོགས་བྱས་པ་འོག་ནས་འབྲི། 


            ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།
  འབའ་སྲས།   
                        བཞི།
དེ་ཕྱི་ཉིན་ང་དང་ངའི་བུ་མོ་གཉིས་ང་རང་སྐྱེས་ས་ཁ་སྒང་ལ་འགྲོ་དགོས་པ་དང་ངའི་མཉམ་དུ་ཕུ་བོ་དང་ནུ་བོ་གཉིས་འགྲོ་རྒྱུ་བྱས། ཨ་མ་ཁྲིད་མིན་ལ་གྲོས་ལྷང་། ཕུ་བོས་བཤད་ན་ཨ་མ་ཡང་ང་མཉམ་དུ་ཁྲིད་འགྲོ་ན་བཟང་། བ་གམ་ཅན་གྱི་ཁང་བརྩེགས་ནང་བཅུག་འཇོག་པ་ལས། གྲོང་གསེབ་ཀྱི་ལྷེ་རའི་ནང་ཡར་མར་ལ་འགྲོ་རུ་བཅུག་ན་ལེགས་ཟེར། ནུ་བོས་ཨ་མའི་གཟུགས་གཞི་སྐྱོ་བས་ས་ཐག་རིང་པོར་རླངས་འཁོར་ལ་བསྡད་ན་གནོད་པ་དང་ལུས་ཀྱིས་མི་ལྕོགས་པས་ཁྲིད་ན་མི་བཟང་ཟེར། ཡིན་ན་ཡང་། ཨ་མས་ང་འགྲོ་རྒྱུ་ཡིན། རླངས་འཁོར་ཕྱི་ནུར་གྱིས་རྒྱུགས་ན་ཡང་མི་གནོད་ཟེར། སྐབས་དེར་ངའི་སེམས་ལ་ཨ་མ་ང་མཉམ་དུ་འགྲོ་འདོད་ཡོད་པ་ཤེས། ངའི་ཨ་ཅེ་གཉིས་ཀྱིས་ཀྱང་ཨ་མ་འགྲོ་འདོད་འདུག་པས་ཁྲིད་ན་བཟང་ཟེར། མཐའ་མ་དེར་ཨ་མ་ཡང་ཁྲིད་ནས་འགྲོ་རྒྱུ་ཐག་བཅད། ངེད་ཚོ་རླངས་འཁོར་ལ་བསྡད་དེ་ང་སྐྱེས་ས་ཁ་སྒང་ཕྱོགས་སུ་བཞུད། ལམ་བར་དུ་ངེད་ཚོས་ཨ་མ་ལ་ཡང་ཡང་དུ། རླངས་འཁོར་ལ་གནོད་ཀི་འདུག་གམ། ངལ་གསོ་རྒྱག་དགོས་སམ་ཞེས་དྲིས་ཀྱང་། མི་གནོད་ཀི་དང་། ངལ་གསོ་རྒྱག་མི་དགོས་ཟེར། ལམ་བར་དུ་དཀའ་ངལ་ཅི་ཡང་མེད་པར་ཁ་སྒང་དུ་འབྱོར། ཁ་སྒང་ལ་བསླེབས་དུས་མཚན་གྱི་ཆུ་ཚོད་དགུ་བ་ཙམ་རེད། དེ་དགོང་མོར་ཡང་ངེད་ཚོས་ནམ་བརྩངས་པ་ཡིན། ཞོགས་པར་སྔ་མོར་ང་ལ་འཚམས་འདྲི་བྱེད་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་རེད། ང་གཉིད་འབབ་པ་དང་ཆང་གིས་ཀྱང་ཅུང་བཟིས་ཡོད་པས་ཁ་བརྡ་ལྷོད་ལྷོད་ཅིག་བྱེད་ཐུབ་མེད། ཕྱི་དྲོའི་དུས་སུ་མགྲོན་དུ་འབོད་མཁན་ཡང་ཡོང་གི་འདུག་མོད་ང་གཉིད་དང་ཆང་གིས་མ་ཐང་པས་སུ་ཚང་ལ་ཡང་འགྲོ་ཐུབ་མེད།

     དེ་ཕྱི་ཉིན་ཁྱིམ་ཚང་འགའ་ཤས་ཀྱིས་མགྲོན་འབོད་བྱས་པ་ལྟར་སོང་། ལམ་བར་དུ་མཐོང་བ་ནི་རླངས་འཁོར་དང་འཕྲུལ་རྟ་ལས་བོང་བུ་དང་བ་གླང་། རྟ་དྲེལ་སོགས་སྒོ་ཟོག་སེམས་ཅན་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་ནི་དཔལ་འབྱོར་ཡར་རྒྱས་ལ་ཕྱིན་པ་དང་ཞིང་ལས་ངལ་རྩོལ་གྱི་ཡོ་བྱེད་ཐ་དག་དེང་རབས་འཕྲུལ་ཆོས་ཅན་དུ་བསྒྱུར་བའི་དཔངས་རྟགས་གསལ་བོ་ཞིག་རེད། ང་ཆུང་དུས་བྱིས་པ་མ་རབ་ཚོ་དང་མཉམ་དུ་རྟ་ཡིན་ཁུལ་གྱིས་ཞོན་མྱོང་བའི་གྱང་ར་དེ་དག་གཏན་ནས་མཐོང་རྒྱུ་མེད་པ་མ་ཟད། དགྲ་དམག་ཀྲུང་གོ་ཟེར་ནས་གཡུལ་རྒོལ་བྱེད་སའི་སྡོང་ར་རྣམས་ཀྱང་ངོས་འཛིན་མི་ཐུབ་ལ། སྦལ་པ་འཛིན་སའི་རྫིང་བུ་གོང་ཞོལ་གཉིས་ཡོད་པ་ཡང་ཤུལ་ཙམ་ལས་མེད། ངའི་མཐོང་སྣང་ལ་སྡེ་བའི་ནང་གི་རི་འབར་མཐོ་དག་ཀྱང་ཇེ་དམའ་རུ་ཕྱིན་འདུག ཁྱིམ་ཚང་རེ་རེ་ཡི་སྒོ་འགྲམ་བར་དུ་ཨར་འདམ་གྱི་ལམ་ལས་ཡོད་པ་དང་། སྡོང་རའི་ས་གྱང་ཡོད་ཚད་ཨར་རྡོ་ཡིས་བརྩིགས་འདུག སྔོན་གྱི་ཁ་སྒང་སྡེ་བ་རེད་བཤད་ན་རྣ་བར་འགྲོ་དཀའ་བའི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག དེ་ལས་ཀྱང་འགྱུར་ལྡོག་གི་འཕེལ་ཁ་མཐོ་བ་ནི། ཁྱིམ་ཚང་རྣམས་ཀྱི་ཁང་བ་ཕུག་སྟངས་དང་ཁྱིམ་གྱི་ཅ་ལག་འཇོག་སྟངས་རེད། སུ་ཚང་ལ་སོང་ན་ཡང་། ཁང་བའི་གྱང་ངོས་དག་རྡོ་དཀར་པོ་དང་ཡང་ན་རྡོ་རི་མོ་ཅན་གྱིས་བརྒྱན་ཡོད་ལ། ཁྱིམ་དང་ལྷེ་རའི་ཐང་ཡོད་ཚད་རྡོ་རི་མོ་ཅན་གྱིས་མཛེས་པར་བྱས་ཡོད་པས་བལྟས་ཚོད་ལ་རིན་གོང་ཆེ་བའི་ས་གདན་ཆེན་པོ་ཞིག་ཐང་ལ་བཏིང་ཡོད་པ་ལྟ་བུའི་འཁྲུལ་བ་སྟེར། ཡིན་ན་ཡང་། ཆེས་སེམས་སྡུག་དགོས་པ་ཞིག་ལ་ནད་པ་ཧ་ཅང་མང་། ལོ་བཞི་བཅུ་ཡས་མས་ནང་དུ་དེ་ལས་མང་། འགའ་ཤས་ཀྱི་མཁྲིལ་བ་ན་བ། འགའ་ཤས་ཀྱི་རྐང་ལག་ན་བ། འགའ་ཤས་དབང་བོ་ཐང་ཐང་མེད་པ། འགའ་ཤས་ཁྲག་ཤེད་མཐོ་བ་སོགས་ནད་རིགས་མང་། འཕྲོད་བསྟེན་བྱེད་ཕྱོགས་ཀྱིས་མ་འདང་བ་འམ། ཟ་མ་ཟ་སྟངས་མ་འགྲིག་པ་གང་ཡིན་ནམ། ཞིང་ནང་ལ་གཏོར་བའི་སྨན་གྱི་སྐྱོན་དང་ཡང་ན་གཞན་གང་ཡིན་མི་ཤེས་མོད། གང་ལྟར་ཁོང་ཚོ་རིག་ན་སྙིང་རྗེ་ཞིང་མིག་ཆུ་ཤོར་བ་ཞིག་རེད།

    ཁ་སྒང་ནས་ཉིན་བཞི་ལ་མ་གཏོགས་སྡོད་ཐུབ་མེད་པས། ཉིན་མ་རེ་ལ་ཁྱིམ་ཚང་གསུམ་ནས་བཞི་ལ་མགྲོན་དུ་འགྲོ་དགོས། ཆེས་དཀའ་བ་ནི་ཁོང་ཚོས་ཟ་མ་ནན་གྱིས་ཟ་རུ་འཇུག་པ་དང་། ཆང་ནན་གྱིས་འཐུང་དུ་འཇུག་པ་དེ་རེད། བོད་ཀྱི་སྲོལ་རྒྱུན་ལྟར་ན་མགྲོན་པོ་ལ་ནན་གྱིས་ཟ་འཐུང་བྱེད་དུ་འཇུག་པ་ནི་ཡག་དང་རྒྱན་ཡིན་མོད། དུས་ཚད་མེད་པར་ཟ་རྒྱུ་ཡང་ཆེས་དཀའ་བ་ཞིག་མ་ཡིན་ནམ། སུ་ཚང་ལ་སོང་ན་ཡང་ཟ་མ་མང་ཆེ་བ་ལུག་ཤ་དང་ཕག་ཤ སྔོ་ཚལ། ཚོད་མ། གོར་སྐྱ། གོར་དམར་བཅས་རེད། ཟ་མ་དེ་དག་ལས་ཁོང་ཚོས་ནན་སྐུལ་གྱིས་ལག་ཏུ་འཇོག་པ་ནི་ལུག་ཤ་ཚིལ་ཅན་དང་ཕག་ཤ་གཉིས་རེད། ངའི་བུ་མོས་ནན་རྒྱུན་ནས་ཤ་ཟ་བར་མི་དགའ་པས་ཕ་ཡུལ་ལ་སོང་བའི་དཀའ་ངལ་ཆེ་ཤོས་དེ་གང་རེད་དྲིས་ན་ནན་གྱིས་ཤ་ཟ་རུ་བཅུག་པ་དེ་རེད་ཅེས་བརྗོད།

   ཉིན་གཉིས་པ་རུ་ཨ་མ་དང་ངེད་ཕ་བུ་གཉིས་གཉེན་ཉེ་ཞིག་གིས་མགྲོན་འབོད་ལྟར་ཁོ་ཚང་ལ་སོང་། ཁོང་ཚང་ནས་ངའི་བུ་མོས་ཟ་མ་ཁམ་གང་མི་ཟ་བར་མོའི་ལག་ཏུ་བཟུང་ཡོད་པའི་སྐོམ་ཆུ་ལས་ཅི་ཡང་འཐུང་གི་མི་འདུག ཁོང་ཚོས་ནན་གྱིས་ཟ་མ་ཟ་རུ་བཅུག་ཀྱང་མོས་ཟ་མ་ཟ་ས་མེད་ཟེར། ཅུང་ཙམ་འགོར་རྗེས་བུ་མོས་ང་ལ་"པ་ལགས་ད་འགྲོ་"ཟེར། རྒྱུ་མཚན་དྲིས་པར། ལྐོག་ཏུ་གྱང་ངོས་སུ་མཛུལ་མོ་བཙུགས་ཏེ་གན་ག་རེ་རེད་ཟེར། ཁྱིམ་ཚང་དེ་གྱང་ངོས་སུ་མའོ་ཡི་འདྲ་པར་དང་ཀྲིག་ཨན་ལེ་སོགས་དཔོན་པོ་འགའ་རྟ་ལ་ཞོན་ཡོད་པའི་འདྲ་པར་ཞིག་སྦྱར་འདུག དེ་རྐྱེན་གྱིས་ངའི་བུ་མོ་རྣམ་རྟོགས་ཟ་ནས་ཟ་མ་མ་ཟས་པ་རེད།  སྤྱིར་བཏང་ཕྱི་ལོག་ཏུ་འཚར་ལོངས་བྱུང་བའི་བྱིས་པ་ཚང་མ་དེ་འདྲ་ཡིན་སྙམ། ཟི་ལིང་དང་སྐུ་འབུམ་ལ་སོང་བའི་སྐབས་དེ་རུ་ཡང་ངའི་བུ་མོས་ཟི་ལིང་ནས་པར་ལེན་གི་མིན་ཟེར། རྒྱུ་མཚན་དྲིས་པར་རྒྱ་མིའི་གྲོང་ཁྱེར་དང་འདྲ་བས་ངས་རྒྱ་མིའི་གྲོང་ཁྱེར་ནས་པར་བླངས་ན་ངའི་གྲོགས་མོ་ཚོ་ལ་ཇི་ལྟར་སྟོན་དགོས་རེད་ཟེར་ནས་པར་ལེན་དུ་མ་བཅུག ངེད་གཉིས་ཕྱིར་ལོག་ཁར་ཡང་རྒྱ་ཡིག་བྲིས་ཡོད་པའི་རྒྱབ་ཁུག་དེ་ཡང་རྩ་ནས་འཁུར་ཁ་མ་ཉན། འདི་ནི་ཐེངས་དང་པོར་བོད་ལ་སོང་བའི་ངའི་བུ་མོའི་ལྟ་བ་འཁུར་སྟངས་ཤིག་རེད། 

 ཁ་སྒང་ནས་ཉིན་གསུམ་འདས་པའི་དགོང་མོར་ང་ལ་ལོ་ངོ་ཉེར་ལྔའི་སྔོན་གྱི་ཆུང་འགྲོགས་ཤིག་ཡོད་པར་ཐུག་ཏུ་སོང་། ཐེངས་དང་པོར་འགྲོ་དུས་མོ་ཚོང་ཁང་ནང་བསྡད་མི་འདུག སྐོམ་ཆུ་འགའ་ཉོས་ནས་ཕྱིར་ལོག ཐེངས་གཉིས་པར་འགྲོ་དུས་མོ་ཚོང་ཁང་ནང་དུ་བསྡད་འདུག མོས་ང་མཐོང་མ་ཐག་སུ་ཡིན་འདི་ཡིན་མ་ཤེས་པས་ཁྱོད་སུ་རེད་ལ། མཐོང་མྱོང་འདྲ་བོ་འདུག་ཟེར་ནས་ཅུང་དོགས་མ་བདེ་བའི་རྣམ་འགྱུར་སྟོན་བཞིན་འདྲི། ངས་ཁྱོད་ཀྱིས་ད་ང་བརྗེད་ཡོད་སྲིད་ཅེས་ཀུ་རེའི་ངང་ལན་བཏབ། འོ། ཁྱོད་ནམ་ཡོང་ངམ་ཞེས་འདྲི་ཞོར་ངའི་མིང་གི་བོས་སོང་། དེ་ནས་ངེད་གཉིས་རྐུབ་སྟེགས་ཤིག་གི་སྟེང་བསྡད་དེ་ཁ་བརྡ་ཡར་མར་བྱས། ང་ཆུང་དུས་མོ་ལ་མ་རབ་བྱས་ནས་མགོ་ཡི་ལག་ཕྱི་འཕྲོག་ཚུལ་དང་། མོ་ཡང་ང་ལ་དགའ་ཚུལ། དེང་སང་ཕྱི་རྒྱལ་ཞིག་ན་ཡོད་པ་ཐོས་པ་མ་གཏོགས་གང་དུ་ཡོད་པ་གསལ་བོ་ཞིག་ཤེས་མེད་ཚུལ། མཚམས་མཚམས་ལ་གློ་བུར་དུ་དྲན་ཚུལ། འདི་ལྟར་ཐུག་ཐུབ་ལ་འདོད་མེད་ཚུལ། བཟའ་ཚང་དང་འཚོ་བ། བདེ་སྐྱིད་དང་གནས་བབ་ཕྱོགས་གང་མང་ནས་ཁ་བརྡ་བྱས། མོ་རང་གི་ཨ་ཕ་ད་ལོར་ཚེ་ལས་འདས་ཟིན་པ་དང་། དེའི་སྐོར་གྱི་སྡུག་བསྔལ་དང་མིག་ཆུ་ཐ་དག་ངའི་མདུན་དུ་བྱོ་པས། ང་ལྷག་ཏུ་མོ་ལ་སྙིང་ཉེ་ཞིང་དགའ་བར་གྱུར། ངས་མོའི་མིག་ཆུ་ཕྱིས། འགྲམ་པར་འོ་བྱས། ལག་པར་འཇུས། དེ་ལྟར་མཚན་གུང་ཡོལ་ཟིན་ཡང་ངེད་གཉིས་ཀྱི་ཁ་བརྡ་མཚན་གཅིག་ལ་ཚར་དཀའ། སང་ཉིན་སྔ་མོ་ནས་ང་ཕྱིར་ཆབ་ཆ་ལ་འགྲོ་དགོས་པས་མོས་ང་ལ་འཁང་ར་ཡང་བྱས། ངོ་མ་ཁ་བྲལ་དཀའ་བ་ཞིག་རེད། དགོང་མོ་དེར་འདི་ལྟར་ངེད་གཉིས་ཁ་གྱེས། ཕྱི་ཉིན་སྔ་ས་ནས་ངས་མ་ཎི་རིལ་བུ་ཞིག་འཁྱེར་ནས་མཐའ་མའི་བདེ་མོ་འཇོག་ཏུ་སོང་། མོས་ང་ལ་མིག་ཆུ་ཁྱོར་གང་གིས་སྐྱེལ་མ་བྱས། དེ་ནས་བཟུང་ཁ་པར་ལས་སྐད་ཆ་འགའ་བཤད་པ་མ་གཏོགས་ཅི་ཡང་མ་བྱུང་། ངས་ཨ་མ་དང་མོའི་བརྩེ་སེམས་འཁྱེར་ནས་ཕྱིར་ཆབ་ཆ་རུ་ལོག


       ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།
འབའ་སྲས།
                     ལྔ།

  ངའི་ཨ་མའི་ལུས་ཕུང་ཇེ་བདེ་རུ་འགྲོ་བ་མ་ཟད་ཟས་ཀྱི་ཡི་ག་ཡང་ཇེ་བཟང་དུ་ཕྱིན་པས། ངའི་སེམས་ལ་ཡང་བདེ་སྐྱིད་ཅིག་རང་བཞིན་དུ་གྲུབ། ང་ད་དུང་ཟླ་གཉིས་ཙམ་འདུག་ཐུབ་ན་ཨ་མའི་ན་ཚ་སངས་དྲག་ཏུ་འགྲོ་མི་ཐུབ་ན་ཡང་ཇེ་སྡུག་ཏུ་མི་འགྲོ་བའི་ངེས་ཤེས་རྙེད། ཡིན་ན་ཡང་། ང་ཕྱིར་ལོག་རན་པའི་ཉི་མ་ཉེ་རུ་བསླེབས། ངའི་ཕུ་ནུ་ཚོས་ད་དུང་ཉི་མ་ཅི་ཙམ་ལྷག་འདུག་པ་བརྩིས་བཞིན་ཡོད་ལ། ཨ་མས་ཀྱང་མཛུབ་མོ་བརྩི་བཞིན་འདུག་པར་བལྟས་ན་ང་ཅི་ཙམ་འདུག་ཆོག་པའི་ཉི་མ་བརྩི་བཞིན་ཡོད་པ་འདྲ།  གང་ལྟར་ཉི་མ་མང་པོ་ལྷག་མེད། ངའི་ཕུ་ནུ་ཚོས་ང་ལ་རང་དབང་ཞིག་སྟེར་ན་འདོད་པས། ད་ཨ་མ་ལ་སེམས་འཁུར་མ་བྱེད། ཁྱེད་རང་འགྲོ་འདོད་ས་དང་ཐུག་འདོད་ས་ཡོད་ན་དེ་ལྟར་བྱོས། ཉི་མ་མང་པོ་ལྷག་མེད་ཟེར། ངས་ཀྱང་དེ་ལྟར་བྱེད་འདོད་དེ་ནུ་བོ་གཉིས་པ་དང་ལྷན་དུ་སྤྲོ་སྐྱིད་གླིང་ཀའི་ནང་སོང་། སྤྲོ་སྐྱིད་གླིང་ཀ་དེའི་མིང་ཆ་ཚང་ལ་བྱིས་པའི་སྤྱི་གླིང་ཟེར། དེའི་ནང་འཛོམས་པ་ཐམས་ཅད་ལ་གཞས་ལ་དགའ་མཁན་དག་རེད། སྐོར་དང་ཁྱུ་བྱས་ནས་ལ་གཞས་ལེན་པ་དང་། ཆང་འཐུང་བ། རྩེད་སྤྱད་དགོད་སྤྱད་བཤད་ནས་སེམས་གཡེང་ས་ཞིག་རེད། ངའི་ནུ་བོ་ཡང་ལ་གཞས་ལེན་མཁན་ཞིག་ཡིན་པས། དེ་གའི་མི་རྣམས་ཀྱི་རེ་བ་ལྟར་འབྲོག་མོ་ཞིག་དང་མཉམ་དུ་ལ་གཞས་ལེན་འགོ་བརྩམས་སོང་། ཕན་ཚུན་གཉིས་ཀས་ལ་གཞས་སྙན་པོ་ལེན་གི་འདུག ཡིན་ན་ཡང་། དེ་གའི་མི་ཚང་མ་ང་ལ་ཆ་མེད་ཡིན་རྐྱེན་ང་འདུག་མ་འདོད་པར་ང་ནང་དུ་ལོག་འགྲོ་ཁྱོད་རྗེས་ལ་ཤོག་ཟེར་ནས་ང་བུད་སོང་། ང་ཁྱིམ་དུ་ལོག་འགྲོ་བའི་ལམ་བར་དུ་ངའི་མ་སྤུན་ཞིག་གིས་ཁ་པར་བཏང་ནས་ཟ་ཁང་ཞིག་གི་ནང་དུ་ཤོག་ཟེར། དེ་ཡང་སྤྲོ་སྐྱིད་ཁང་ཞིག་རེད། ང་དེར་བསླེབས་དུས་ངའི་མ་སྤུན་དང་ཁོའི་གྲོགས་པོ་ཞིག ད་དུང་བུ་མོ་གསུམ་འདུག ངེད་ཚོས་མཉམ་དུ་ཟ་མ་ཟོས་རྗེས། ཆང་འཐུང་འགོ་བརྩམས། ཉིན་དེར་ཆང་ཅི་ཙམ་འཐུངས་ཀྱང་བཟི་རྒྱུ་མི་འདུག རྩེ་་ཞོར་དང་དགོད་ཞོར། ཟ་ཞོར་དང་འཐུང་ཞོར་བྱས་ནས་ས་ཡང་རུབ་སོང་། ངའི་ནུ་བོས་ང་གང་ན་ཡོད་ཅེས་ཁ་པར་བསླེབས་པ་དང་ང་ཡོད་སར་ཁོ་ཡང་ཡོང་རྒྱུ་ཡིན་ཟེར། ཅུང་མ་འགོར་བར་ངའི་ནུ་བོས་བུ་མོ་གསུམ་ཁྲིད་ནས་བསླེབས་སོང་། ཕར་བལྟས་ན་འབྲོག་མོ་གསུམ་ལེ་ཡིན་འདོད། ཁོས་ང་ལ་རྩེད་མ་གསུམ་ཡིན་ཟེར། ངས་བཟང་གི་ཟེར་ནས་ཁོ་ཚོ་ལ་སྡོད་སྟེགས་བྱིན་ནས་འདུག་ཏུ་བཅུག བུ་མོ་དེ་གསུམ་སྡོད་སྟེགས་སུ་བསྡད་ནས་ཅུང་མ་འགོར་བར་སྔོན་གྱི་བུ་མོ་གསུམ་དེ་འགྲོ་རན་སོང་ཟེར་ནས་བུད་སོང་། ངེད་ཚོ་མུ་མཐུད་དུ་བསྡད།  རྗེས་ལ་བསླེབས་པའི་བུ་མོ་དེ་གསུམ་ཆ་འབྲོག་མོ་གསུམ་རེད། ལ་གཞས་བླང་ན་གང་ཡག་གང་སྙན་རེད། ཅུང་མ་འགོར་བར་ངའི་ནུ་བོ་གཞན་པ་ཞིག་ཀྱང་དེར་བསླེབས་སོང་། ཁོས་ང་ལ་དེ་དགོང་ཁྱིམ་དུ་མ་ལོག་ན་འགྲིག ང་ཡོང་ཁར་ཨ་མར་བཤད་ཡོད། ཨ་མས་སེམས་འཁུར་མི་བྱེད་ཟེར། ང་ཡང་སེམས་བདེ་སོང་། སྔར་བཞིན་ཆང་འཐུང་བ་དང་ལ་གཞས་བླངས་ནས་ནམ་གུང་ཟིན་ལ་ཉེ། ངའི་ནུ་བོས་ང་ལ་ཞི་མོ་གསུམ་ལས་གཅིག་གདམ་ཟེར། ངས་ཀྱང་གཅིག་འདེམས་པ་ཡིན། ལོ་ཆུང་ཞིང་གཟུགས་མཛེས་པ། ལ་གཞས་དང་གླུ། བརྡུངས་ལེན་གང་བླང་ན་སྙིང་རྗེ་ཞིག་རེད། ཞི་མོ་དེ་ངའི་མིག་ལམ་ནས་ཇེ་ཡག་དང་ཇེ་མཛེས་རེད། མོ་ཡང་ངའི་ཐོག་ལ་ཚོར་བ་ཞིག་བསླེབས་ཡོད་པ་འདྲ། ཡང་ཡང་ང་ལ་ལྟ་བ་དང་འཛུམ་པར་བྱེད། 

     ངའི་ནུ་བོ་དང་ངེད་ཚོ་ཚང་མ་མགྲོན་ཁང་ཞིག་ཏུ་སོང་། ཁང་མིག་གཉིས་ཉོས་འདུག ངེད་ཚོ་ཚང་མ་ཁང་མིག་གཅིག་ཏུ་བསྡད་ནས་རྩེད་སྤྱད་དགོད་སྤྱད་བཤད་ནས་བསྡད། ནམ་ལངས་པ་ལ་དུས་ཚོད་མང་པོ་མེད་པས་ང་ཉལ་རྒྱུ་ཟེར་ནས་ཁང་མིག་གཞན་པ་དེའི་ནང་དུ་སོང་། ངའི་མཉམ་དུ་ངས་འདེམས་པའི་ཞི་མོ་དེ་ཡང་བསླེབས་སོང་་། ཁང་མིག་དེར་ཉལ་ཁྲི་གཉིས་འདུག ངེད་གཉིས་ཉལ་ཁྲི་རེ་རེ་སྟེང་ཉལ་བ་ཡིན། དགོང་མོར་དེར་ང་ཧང་སངས་དགོས་པ་ནི། ཕ་ཡུལ་གྱི་བུ་མོར་འཁྲིག་དུས་སྔ་རྗེས་གང་དུ་ཡང་རང་ཉིད་ཀྱི་མཚན་མ་འཁྲུ་བ་དང་གཞན་ལ་ཡང་འཁྲུ་བར་སྐུལ་ན་མཐོང་ཆུང་གི་འདུ་ཤེས་གཏིང་མཐུག་པོ་ཞིག་བྱིན་ཟིན་པ་དེ་རེད། 


           ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།
འབའ་སྲས།
                      དྲུག

  དེ་ཕྱི་ཉིན་སྔ་མོ་ནས་ཁྱིམ་དུ་ལོག ཨ་མས་ནངས་ཇ་འཐུངས་ཏེ་བརྙན་འཕྲིན་ལ་ལྟ་བཞིན་འདུག ངས་ཨ་མའི་གདོང་ལ་ཞིབ་ལྟ་ཞིག་བྱས། ཨ་མའི་གདོང་ཁ་སང་ལྟར་བདེ་ཐང་གི་རྣམ་པ་ཤར་འདུག ཉིན་དེར་གང་ལ་ཡང་མ་སོང་བར་ཨ་མ་དང་མཉམ་དུ་བསྡད། ཟླ་བ་གཅིག་རིང་ཉིན་གང་བོར་ཨ་མ་དང་མཉམ་དུ་ལྷོད་ལྷོད་བྱས་ནས་བསྡད་པ་ཉིན་འདི་གཅིག་པུ་ཡིན་ཟེར་ན་ཆོག ཉི་མ་འདི་ནི་ཨ་མ་དང་མཉམ་དུ་འདུག་ཐུབ་པའི་ཉིན་མཐའ་མ་དེ་ཡང་ཡིན། དེ་བས་ངས་ཨ་མའི་རྐང་པ་བཀྲུས་ཤིང་སེན་མོ་གཏུབས། རྐང་སྣམས་བཀྲུས་པ་དང་ཉི་མར་སྐམ། གང་ལྟར་ཨ་མར་ཞབས་ཞུ་སྒྲུབ་པའི་ཁུལ་བྱས། ཉིན་དེ་དེ་ལྟར་དུ་འདས། 

   དེའི་ཕྱི་ཉིན་ལོ་བདུན་གྱི་སྔོན་ལ་དྲ་ཐོག་ནས་ངོ་ཤེས་ཤིང་སེམས་འདྲིས་པའི་གྲོགས་མོ་ཞིག་གི་ཁ་པར་ཨང་གྲངས་རྙེད། མོ་ཟི་ལིང་སློབ་གྲྭ་ཆེན་མོའི་ནང་ཡོད་དུས་ནས་ཞིབ་འཇུག་སློབ་མ་མཐར་ཕྱིན་ཚེ་བར་དུ་ངེད་གཉིས་ཀྱི་འབྲེལ་བ་ཆད་མ་མྱོང་། མོ་ཞིབ་འཇུག་སློབ་མ་མཐར་ཕྱིན་རྗེས་སློབ་གྲྭ་ཞིག་གི་དགེ་རྒན་དུ་སོང་། མོ་བོད་ཡིག་དང་རྒྱ་ཡིག་མ་ཟད་དབྱིན་ཡིག་ལ་ཡང་ཧ་ཅང་བཟང་། ཏག་ཏག་ལོ་གཅིག་གི་སྔོན་ནས་ངེད་གཉིས་ཀྱི་འབྲེལ་འདྲིས་ཆད། མོ་བརྡ་རྟགས་མེད་ས་ཞིག་ནས་ལོ་གཅིག་ཙམ་འགོར། མོའི་ཁ་པར་ཨང་གྲངས་བརྗེས་འདུག་ལ་ངའི་ཁ་པར་ཨང་གྲངས་ཀྱང་བརྗེས་ཟིན།   དེའི་རྐྱེན་ལོ་གཅིག་རིང་ངེད་གཉིས་འབྲེལ་འདྲིས་མ་ཐུབ་པས་ད་ཐེངས་ང་ཕ་ཡུལ་དུ་བསླེབས་པ་མོས་ཤེས་མེད་ལ་ངས་ཀྱང་བརྡ་གཏོང་ཐབས་མ་བྱུང་། ངའི་ལག་ན་མོའི་ཁ་པར་ཨང་གྲངས་ཤིག་ཡོད་པ་དེ་མི་གཞན་ཞིག་གིས་བེད་སྤྱོད་བྱེད་བཞིན་འདུག ངས་མོའི་ཁ་པར་ཨང་གྲངས་གསར་བ་དེ་རྙེད་མ་ཐག་ཁ་པར་བཏང་སྟེ་ང་ཕ་ཡུལ་ལ་བསླེབས་ཡོད་སྐོར་བཤད། ང་ཕ་ཡུལ་ལ་བསླེབས་ཡོད་པ་ཡིད་མ་ཆེས་པས་ནན་འདྲི་བྱེད་ཀི་འདུག ངས་ཁ་པར་ཨང་གྲངས་དེ་བོད་ཀྱི་ཁ་པར་ཨང་གྲངས་ཡིན་པ་ཤེས་ནས་ད་གཟོད་ཡིད་ཆེས་ཤིང་སེམས་སྤྲོ་བར་གྱུར། སང་ཉིན་མོ་ང་ལ་ཐུག་ཏུ་ཆབ་ཆར་ཡོང་རྒྱུ་ཐག་བཅད། ངས་རེ་ཞིང་སྒུག དེ་ཕྱི་ཉིན་སྔ་ས་ནས་ངའི་ནུ་བོ་གཉིས་པས་མགྲོན་ཁང་ཞིག་གོ་སྒྲིག་བྱས་འདུག མོ་ཆབ་ཆར་སླེབས་ཁར་ང་ལ་ཁ་པར་གཏོང་རྒྱུ་བྱས་ཡོད། ཉིན་གུང་ཡོལ་ཙམ་ལ་མོས་ཁ་པར་བསླེབས་ནས་སྐར་མ་ཉི་ཤུའི་ནང་འབྱོར་བ་དང་གང་དུ་ཡོང་དགོས་པའི་ཁ་བྱང་དྲིས། མགྲོན་ཁང་གི་ཁ་བྱང་དང་སྒོ་རྟགས་ཨང་གྲངས་བྱིན་དེ་ང་མགྲོན་ཁང་དེར་སོང་ནས་སྒུག སྐར་མ་ཉི་ཤུ་འདས་སོང་ད་དུང་བསླེབས་མ་སོང་། ངས་མགྲོན་ཁང་གི་སྒེའུ་ཁུང་ལས་འོག་གི་ལམ་ནང་དུ་བལྟས་ནས་བསྡད། ཅུང་མ་འགོར་བར་འགྲུལ་སྤྱོད་རླངས་འཁོར་ཆུང་བ་ཞིག་ལས་བུ་མོ་ཞིག་མར་བབས་ཏེ་ང་འདུག་སའི་མགྲོན་ཁང་དུ་ཁ་ཕྱོགས། ངས་མོ་རང་ཡིན་པ་ཤེས་ཀྱང་སྔན་ལ་འབུད་མ་ཐུབ་པར་མགྲོན་ཁང་ནང་བསྡད། ཐག་ཐག་ཐག མོས་སྒོ་བརྡུངས་སོང་། ངས་སྒོ་ཕྱེས་ཏེ་སྒོ་རྒྱབ་ཏུ་ཡལ་ནས་བསྡད། མོས་ཁང་པའི་ནང་ཅི་ཡང་མ་མཐོང་བས་ཁ་ཕྱིར་འཁོར་ཙ་ན་ང་རྒྱབ་ཏུ་ཡོལ་བ་མཐོང་སྟེ་མགོ་སྨད་ནས་འདུག ཐོག་མར་ངེད་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་ཙམ་ཡང་བྱེད་མ་ནུས་པར་རང་རང་སར་བསྡད། མོས་ཆབ་ཆ་ལ་ཚ་བ་འདུག ང་ཆབ་ཆ་ལ་མ་བསླེབས་ཡུན་རིང་འགོར་ཟེར། འོ་ན། དེ་རིང་ཅིའི་ཕྱིར་ཡོང་ཞེས་ངས་ཀུ་རེ་རྩེས། མོས་ང་ལ་ལག་པས་གཞུས་བཞིན་ཁ་རོགས་ཟེར། དེ་ནས་ངེད་གཉིས་ཀྱི་གཏམ་འགོ་བརྩམས་ཤིང་ཐག་ཉེ་སར་སྡོད་པའི་བློ་ཁོག་ཀྱང་རིམ་གྱིས་རྒྱས། མོས་ང་ལ་ཁྱོད་བསོད་ནམས་ཆེན་པོ་རེད། ལོ་ཉི་ཤུའི་རྗེས་ཨ་མར་ཐུག་ཐུབ་སོང་ཟེར། ངས་ང་བསོད་ནམས་ཆེན་པོ་རེད་ཁྱོད་ལ་ཐུག་ཐུབ་སོང་བཤད། མོས་ཡང་བསྐྱར་ང་ལ་ལག་པས་གཞུས། ངས་ཁྱོད་ཁ་སྐོམ་ཡོད་ཆུ་འཐུང་ཟེར་ནས་ཆུ་དེམ་བུ་གཅིག་གི་ཁ་ཕྱེས་ཏེ་མོའི་ལག་ཏུ་བཞག མོས་ཁ་སྐོམ་གི་མི་འདུག་ཟེར་བཞིན་ཆུ་དེམ་བུ་གང་དེ་མདུན་ཅོག་ཐོག་བཞག ཡང་ངས་ཁ་མི་སྐོམ་ན་ཅི་ཞིག་སྐོམ་གི་དྲིས། མོས་ཡང་བསྐྱར་ངའི་ལག་པ་ལ་གཅིག་གཞུས་ཏེ་ངའི་ལག་པ་ལ་འཇུས་ནས་འདུག ངས་ཀྱང་ལག་པ་ཡ་གཅིག་གིས་མོའི་མགོ་ལ་བྱིལ་བྱིལ་བྱས་ནས་བསྡད། བར་མཚམས་ཞིག་ནས་མོའི་མགོ་བོ་ངའི་བྲང་ཁར་བརླན་ནས་འདུག ངས་ཀྱང་མོ་ལག་ཁུག་ལ་བཟུང་ནས་བསྡད། ཉིན་འདི་ནི་ཇི་འདྲའི་སྤྲོ་ཞིང་ཡིད་དུ་འོང་བ་ཞིག་རེད་ཨང་།

     ས་རུབ་ལ་ཉེ། ངེད་གཉིས་ཀྱིས་དགོང་ཟས་སྐོར་ལ་གྲོས་ཁ་བྱས། ཕྱི་ལོག་ཟ་ཁང་ཞིག་ལ་འགྲོ་འམ་ཡང་ན། ངའི་ནུ་བོ་ལ་དགོང་ཟས་ཤིག་སྐྱེལ་ཡོང་དུ་འཇུག་གམ། མོས་ཕྱི་ལོག་ལ་སོང་ན་མིས་མཐོང་ན་མི་འོས་ཟེར། ངའི་ནུ་བོ་ལ་སྐྱེལ་དུ་བཅུག་ན་ཡང་དཀའ་ལས་རེད་དགོང་ཟས་མ་ཟོས་ཀྱང་འགྲིག་ཟེར། ངས་དེ་འདྲ་མི་འོས་ཁྱོད་ཟི་ལང་ནས་ང་ལ་ཐུག་ཏུ་ཡོང་བ་རེད། ངས་དགོང་ཟས་ཞིག་མ་དྲངས་ན་ག་ལ་འོས་བཤད། ངས་ནུ་བོ་ལ་ཁ་པར་བཏང་ནས་དགོང་ཟས་ཤིག་སྐྱེལ་བར་སྐུལ། ཆུ་ཚོད་གཅིག་ཙམ་འགོར་རྗེས་ངའི་ནུ་བོས་ངེད་གཉིས་ལ་དགོང་ཟས་མང་ཙམ་ཞིག་སྐྱེལ་ནས་བསླེབས་པ་ང་མགྲོན་ཁང་གི་འོག་ལ་ལེན་དུ་སོང་། ངེད་གཉིས་ཀྱིས་དགོང་ཟས་ལ་རོལ་བཞིན་འདས་སོང་གི་རི་མོ་དག་ཇེ་གསལ་དུ་བཏང་། ས་རུབ་ནས་སྐར་མ་ཁྲ་ལམ་ལམ་ཤར་འདུག་ལ། ལམ་བར་རླངས་འཁོར་གྱི་སྒྲ་ཡང་རེ་ཙམ་ལས་ཐོས་རྒྱུ་མི་འདུག ད་ནི་ངེད་གཉིས་ངལ་གསོ་བའི་དུས་མ་ཡིན་ནམ། གཉིད་མ་ཁུག་ལ་ཡར་མ་ལངས་པའི་མཚན་མོ་འདི་ནི་ཇི་འདྲའི་ཐུང་ཐུང་ཞིག་རེད་ཨང་། 

    རླངས་འཁོར་གྱི་སྒྲ་ཇེ་མང་ནས་ཇེ་ཆེ་རུ་འགྲོ་བ་ནི་བསམ་བཞིན་ངེད་གཉིས་ཉལ་དུ་མི་འཇུག་པར་རྣ་བ་དཀྲོགས་པ་དང་མཚུངས་ལ། ཉི་མའི་འོད་ཐིག་གིས་ཀྱང་བསམ་བཞིན་ངེད་གཉིས་ཀྱི་ཉལ་ཆས་ཕྱིས་འདོད་པ་ལྟར་མལ་སྟེང་ལ་ཤར་ཡོང་། ངེད་གཉིས་ཡར་ལངས་ཏེ་གདོང་གཟུགས་དཀྲུས་རྗེས་འཛོམས་པ་ཡག་མོ་ཟེར་བའི་ཟ་ཁང་ཞིག་ཏུ་ཞོགས་ཟས་རོལ་དུ་ཕྱིན། ཟ་ཁང་དེ་ནི་ང་ཆབ་ཆར་བསླེབས་རྗེས་"ཚོན་ལྡན་པྲ་མོས"མགྲོན་དུ་བོས་པའི་ཟ་ཁང་ཐོག་མ་དེ་ཡིན། ཟ་ཁང་དེའི་ནང་ངེད་གཉིས་ཆུ་ཚོད་གསུམ་ཙམ་འགོར། ཉིན་གུང་ལ་བསླེབས་སོང་། མོ་ཕྱིར་ཟི་ལིང་དུ་ལོག་དགོས། ངས་མ་སྤུན་ཞིག་ལ་ཁ་པར་བཏང་ནས་མོ་ཟི་ལིང་ལ་འགྲོ་བའི་རླངས་འཁོར་ས་ཚིགས་སུ་སྐྱེལ་དགོས་པའི་སྐུལ་མ་བྱས། དེ་ལྟར་ངའི་མ་སྤུན་གྱིས་ངེད་གཉིས་རླངས་འཁོར་ས་ཚིགས་སུ་སྐྱེལ་ཞིང་མོ་ཟི་ལིང་དུ་མངགས། དེའི་ཕྱི་ཉིན་ང་ཡང་ཟི་ལིང་ལ་ཡོང་རྒྱུ་བྱས། མོ་ཟི་ལིང་དུ་བུད་སོང་། ངས་རྗེས་སུ་བལྟས་ནས་བསྡད། 

     དེ་ཕྱི་ཉིན་ངའི་ཨ་ཁུ་དང་ཨ་ནེ་གཉིས་ལྷ་ས་ནས་ཆེད་དུ་ང་སྐྱེལ་མ་བྱེད་དུ་ཡོང་གི་ཡོད་ལ། ང་དང་ཁོའི་བུ་ཆེ་བ་གཉིས་ཟི་ལིང་ལ་ཆེད་བསུ་རུ་འགྲོ་རྒྱུར་བྱས་ཡོད། འདི་ཡང་ང་དང་ངའི་གྲོགས་མོ་གཉིས་སླར་ཡང་ཐུག་འཕྲད་ཀྱི་གོ་སྐབས་ཤིག་ཀྱང་རེད། ཡིན་ན་ཡང་། ཞོགས་པ་དེར་ང་ལ་སེམས་འཕྲད་ལྷག་མ་ཞིག་ཡོད་པ་ནི། བུ་མོ་གཞན་ཞིག་ལ་ཟི་ལིང་ནས་ཐུག་རྒྱུ་བྱས་ཡོད་པ་དེ་རེད། ང་ཆབ་ཆ་ནས་སྤྱི་ལེ་དྲུག་ཙམ་གྱི་ལམ་ལ་བསླེབས་རྗེས་ངས་བུ་མོ་གཞན་པ་དེར་ཁ་པར་བཏང་། མོ་ཡང་ཟི་ལིང་ལ་ཡོང་བཞིན་པའི་ལམ་དུ་ཞུགས་འདུག འོན་ཀྱང་ཆུ་ཚོད་དུས་ཐོག་ཟི་ལིང་ལ་འབྱོར་མིན་མོ་ལ་ཡང་ཏག་ཏག་ཅིག་བཤད་རྒྱུ་མི་འདུག ངའི་མ་སྤུན་དེས་གྲོགས་པོ་གཞན་ཞིག་ལ་ཁ་པར་བཏང་ནས་བུ་མོ་དེ་མྱུར་ཏུ་ཆབ་ཆ་རུ་སྐྱེལ་ཡོང་རྒྱུ་དང་ངེད་གཉིས་ཕྱིར་འཁོར་ནས་ཆབ་ཆ་རུ་སོང་ནས་བུ་མོ་དེ་ལ་སྒུག་རྒྱུའི་གྲོས་བྱས། ཡིན་ན་ཡང་ཁོའི་གྲོགས་པོ་དེ་དགོན་པ་ཞིག་ཏུ་འགྲོ་དགོས་པ་དང་། དེའི་བར་བུ་མོ་དེ་རྫོང་ཐོག་ཏུ་འབྱོར་ན་ཁོས་ཆབ་ཆ་ལ་སྐྱེལ་ཡོང་རྒྱུ་བྱས། ངས་བུ་མོ་དེ་ལ་དེ་ལུགས་ཁ་པར་ལས་བཤད། བུ་མོ་དེས། ཁྱོད་གཉིས་སྔོན་དུ་ཟི་ལིང་ལ་སོང་། མོས་རྗེས་ནས་རླངས་འཁོར་ཞིག་ཐབས་ཤེས་བཏང་ནས་ཆུ་ཚོད་དང་པོ་ནས་གཉིས་པའི་བར་ཟི་ལིང་ལ་བསླེབས་ཐུབ་བྱེད་ཟེར། ངེད་གཉིས་ཟི་ལིང་ལ་ཁ་ཕྱོགས། ཆབ་ཆ་ནས་ཟི་ལང་ལ་ཆུ་ཚོད་གཉིས་ལས་མི་དགོས་པས། ཞོགས་པའི་ཆུ་ཚོད་བཅུ་བའི་ཐོག་ངེད་གཉིས་ཟི་ལང་དུ་འབྱོར། ངའི་ཨ་ཁུ་དང་ཨ་ནེ་གཉིས་ཟི་ལིང་ལ་ཕྱི་དྲོའི་ཆུ་ཚོད་བཞི་བའི་སྟེང་མ་གཏོགས་མི་འབྱོར། ཟི་ལིང་ལ་བསླེབས་རྗེས་ངས་བུ་མོ་དེ་ལ་ཁ་པར་བཏང་། མོ་ད་དུང་རྫོང་ཐོག་ན་འདུག ཕལ་ཆེར་མོ་ཟི་ལིང་ལ་འབྱོར་དུས་ཆུ་ཚོད་གསུམ་པ་ཙམ་ཡིན་ངེས། ཧ་ལམ་ངེད་གཉིས་ཐུག་ཐུབ་མ་སོང་། 

  ཏིར་ཏིར་ཏིར། ཁ་པར་འདི་ཟི་ལིང་ན་ཡོད་པའི་ངའི་གྲོགས་མོ་དེ་རེད། ཁྱོད་ཟི་ལིང་ལ་བསླེབས་ཡོད་དམ། ངས་བསླེབས་ཡོད་བཤད་དེ་ངེད་གཉིས་ཐུག་སའི་ས་གནས་གང་ཡིན་སྐད་ཆ་དྲིས། མོས་ང་གང་དུ་ཡོད་པ་ཤོད་དང་དེ་རུ་ཡོང་ཆོག་ཟེར། མོ་ང་ཡོད་སར་བསླེབས་ཏེ་ང་ཟ་ཁང་གཞན་ཞིག་ཏུ་ཁྲིད། ངའི་མ་སྤུན་གྱིས་ང་ས་གནས་གཞན་ཞིག་ཏུ་སྒུག་རྒྱུ་བྱས། མོས་ང་འཇར་པན་གྱི་ཟ་ཁང་ཞིག་ཏུ་ཁྲིད། ཟ་ཁང་དེ་ནི་ཧ་ཅང་གིས་མགོ་རིལ་ཞིང་སྤྲོ་ལྷང་ས་ཞིག་རེད། ཟ་མ་དེ་ཙམ་མ་ཟོས་ཀྱང་ཁ་བརྡ་མང་ཙམ་བྱས། དེ་རྗེས་ངེད་གཉིས་ཕྱི་ལོག་གི་ལམ་ཁར་དེད་དེ་གནས་ངེས་མེད་ཀྱིས་གང་ལ་བསླེབས་ན་དེ་ལ་སོང་། ལམ་བར་ནས་རྩེད་མོ་རྩེས་བཞིན་སོང་། མེ་ཏོག་མང་ས་ནས་པར་བླངས། གྲིབ་མ་བསིལ་ས་ནས་ངལ་གསོས། ཉིན་འདི་ནི་ངེད་གཉིས་རང་དབང་དུ་བསྐྱོད་པའི་ཁོར་ཡུག་ཅིག་དང་། ཟི་ལིང་གྲོང་ཁྱེར་འདི་ཡང་ཉིན་འདིར་ལྷ་ཡུལ་དང་འདྲ་བའི་སྣང་བ་སྐྱེས།  ཉི་མ་འདིའི་ཆུ་ཚོད་ནི་ནམ་རྒྱུན་དང་མི་འདྲ་བར་ཆེས་མགྱོགས་པ་ཞིག་ཡིན་པས་ངེད་གཉིས་ཀྱིས་ཆུ་ཚོད་ལ་འཁང་ར་བྱས།  

   ཏིར་ཏིར་ཏིར། ངའི་མ་སྤུན་གྱིས་ང་ལ་ཁ་པར་བསླེབས་སོང་། ཁོའི་ཕ་མ་གཉིས་མེ་འཁོར་འབབ་ཚིགས་སུ་སླེབས་ལ་ཉེ་བས་མགྱོགས་སུ་མེ་འཁོར་འབབ་ཚིགས་སུ་ཤོག་ཟེར། དེ་མ་ཐག་ངེད་གཉིས་གླ་འཁོར་ཞིག་བཀག་ནས་མེ་འཁོར་འབབ་ཚིགས་སུ་སོང་། མོས་ང་ལ་འགྲོ་རོགས་བྱས། མེ་འཁོར་ས་ཚིགས་སུ་བསླེབས་རྗེས་མོ་ཕྱིར་ལོག ང་མེ་འཁོར་ས་ཚིགས་ཀྱི་མགྲོན་པོ་ཕྱིར་འབུད་སའི་སྒོ་འགྲམ་དུ་སོང་། ངའི་མ་སྤུན་ཡང་དེར་ང་ལ་སྒུག་ནས་འདུག ཅུང་མ་འགོར་བར་ཨ་ཁུ་དང་ཨ་ནེ་གཉིས་བསླེབས་སོང་། ངེད་ཚོ་ཚང་མ་རླངས་འཁོར་ལ་བསྡད་དེ་ཕྱིར་ཆབ་ཆ་རུ་བསྐྱོད། ང་ཆབ་ཆ་རུ་བསྐྱོད། མོ་ཟི་ལིང་དུ་ལྷག

      ངེད་ཚོ་ཟི་ལིང་གི་མཐའ་ལ་བསླེབས་རྗེས། བུ་མོ་གཞན་དེ་ཟི་ལིང་ལ་འབྱོར་འདུག འོན་ཀྱང་ང་བུད་སོང་། མོ་བསླེབས་འདུག ཁ་པར་ཏིར་ཏིར་ཏིར། 


             ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ། 

འབའ་སྲས།

                      བདུན།

 ངེད་ཚོ་ཆབ་ཆ་ལ་འབྱོར་དུས་ཕྱི་དྲོའི་ཆུ་ཚོད་བརྒྱད་པ་རེད། དགོང་མོ་དེར་ཆབ་ཆ་ན་ཡོད་པའི་གཉེན་ཉེ་ཚང་མ་ཨ་ཁུའི་ཚང་ལ་འཚོགས་ཏེ་དགོས་ཟས་མཉམ་རོལ་གནང་། དེ་ལྟར་འཚོགས་དགོས་དོན་ཡང་། གཅིག་ནས་ཨ་ཁུ་དང་ཨ་ནེ་གཉིས་ལྷ་ས་ནས་བསླེབས་པ་དང་། གཉིས་ནས་ང་ཡང་ཕྱིར་འགྲོ་རན་པས་རེད། དགོང་མོ་དེར་མི་ཚང་མ་ཧ་ཅང་སྐྱིད་ཡོད་པ་འདྲ། ཕན་ཚུན་ལ་ཀུ་རེ་དང་འདོགས་རིས་བྱས་ནས་མི་ཚང་མ་གནོན་མི་ཐུབ་པའི་གད་མོ་ཤོར་དུ་བཅུག ཆང་ཡང་མང་ཙམ་འཐུང་གི་འདུག  བར་མཚམས་ཤིག་ནས་ངའི་མ་སྤུན་དུ་འགྲོ་བ་ཞིག་ཆང་གིས་བཟིས་ནས་ང་ལ་སེམས་གསོའི་སྐད་ཆ་འདི་དག་བཤད། ཁྱོད་ཕྱི་རྒྱལ་དུ་སོང་ན་ཕྱིར་ཕ་ཡུལ་གྱི་ངེད་ཚོ་ལ་སེམས་ཁུར་ཅི་ཡང་བྱེད་མི་དགོས། ངེད་ཚོ་ཚང་མ་ནམ་རྒྱུན་ནས་འདི་ལྟར་སྐྱིད་ལ་རོལ་ཡོད་པ་མ་ཟད། ཕན་ཚུན་ལ་རོགས་རམ་དང་འགྲིག་མཐུན་ཕྱོགས་གང་ཐད་ནས་འགྲིག་བསྡད་ཡོད། ཁྱེད་ཀྱིས་ནམ་ཡང་སེམས་ཁུར་བྱེད་མི་དགོས་ཟེར། ཁོ་ཆང་གིས་བཟིས་ཡོད་ན་ཡང་ཁོའི་སྐད་ཆ་དེ་དག་ངའི་སེམས་གཏིང་ལ་ལྷུང་། མཚན་གྱི་ཆུ་ཚོད་དང་པོ་ཟིན་སོང་། ངའི་ཨ་ཁུ་དང་ཨ་ནེ་གཉིས་དེ་རིང་ལྷ་ས་ནས་འབྱོར་བ་ཡིན་པས་ཐང་ཆད་ཡོད། ད་ངེད་ཚོ་ཚང་མ་ངལ་གསོ། སང་ཉིན་ངེད་ཚོ་ཚང་མ་སྡོང་རའི་སྐྱིད་གླིང་དུ་འཛོམས་དགོས། ངས་དེ་ལྟར་བཤད་པ་དང་ཚང་མས་དེ་རེད་ཟེར་ནས་ངེད་ཚོ་ཚང་མ་རང་རང་གི་ཁྱིམ་དུ་ལོག

    ཉི་མ་འདི་ནི་ང་ཕ་ཡུལ་དུ་སྡོད་པའི་ཆེས་མཐའ་འཇུག་གི་ཉི་མ་དེ་ཡིན། ངའི་ནུ་བོ་གཉིས་པ་དང་ཚ་བོ་ཞིག་ད་དུང་མ་སྤུན་ཞིག་ཁོ་ཚོ་གསུམ་སྔ་ས་ནས་སྡོང་རའི་སྐྱིད་གླིང་དུ་སོང་ནས་ལུག་ཅིག་ལ་མ་ཎི་བཏོན་པ་དང་། ཉིན་འདིའི་བཟའ་བཏུང་གི་འགོ་འཛིན་བྱས། བཅུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ལ་ང་དང་ངའི་ཨ་ཅེ་ངའི་བུ་མོ་ཚོས་ཨ་མ་ཁྲིད་ནས་སྡོང་རའི་སྐྱིད་གླིང་དུ་སོང་། ཉིན་འདིའི་ཉི་མ་ནི་ཧ་ཅང་དྲོ་ལ་ཁ་དབུགས་ཀྱང་གཙང་། ཨ་མ་དང་ངེད་ཚོ་སྡོང་རའི་སྐྱིད་གླིང་དུ་བསླེབས་དུས་མི་ཚང་རེ་གཉིས་ལས་མང་ཆེ་བ་ད་དུང་བསླེབས་མི་འདུག ངེད་ཚོས་གུར་ནང་ནས་ཇ་འཐུང་ནས་གཞན་དག་ལ་སྒུག་ནས་བསྡད། ཅུང་མ་འགོར་བར་མི་ཚང་གཞན་རྣམས་ཀྱང་རླངས་འཁོར་རེར་བསྡད་ནས་སྔ་རྗེས་སུ་བསླེབས། ཆུ་ཚོད་བཅུ་གཉིས་ཙམ་ལ་མི་ཚང་མ་འཛོམས་ཐུབ་སོང་། ཆུ་ཚོད་དང་པོའི་ཐོག་ཉིན་གུང་ཁ་ཟས་ལ་རོལ་བའི་གྲ་སྒྲིག་བྱས། མདུན་ཅོག་ཆེན་པོ་གསུམ་སྟེང་ལ་ཆེ་ཆུང་ལྟར་བསྡད་དེ་ཉིན་གུང་གི་ཟ་མར་རོལ། ཤ་དང་ཁྲག་རྒྱུ། མཆིན་རྒྱུ། རྒྱུ་ཕྲ། རྒྱུ་སྦོམ་བཅས་ཤའི་རིགས་དང་། སྔོ་ཚལ་སྣ་མང་། ཆང་དང་བཏུང་རིགས་སྣ་མང་བཅས་ཀྱིས་གྲུབ་པར་རོལ། ཆུ་ཚོད་གསུམ་པའི་སྟེང་གྱེས་ཁ་མའི་ལེགས་སྐྱེས་འབུལ་རིས་དང་། ཁ་བྲོ་བཀྲ་ཤིས་ཀྱི་མཐའ་མའི་སྨོན་ཚིག་སྒྲོག་རིས་བྱས། 

     སྡོང་རའི་སྐྱིད་གླིང་འདི་ནི་ང་དང་གཉེན་ཉེ་ཚོ་ཐོག་མར་འཛོམས་ས་དེ་ཡིན་ལ་མཐའ་མར་གྱེས་ས་དེ་ཡང་ཡིན། ང་ལ་མཚོན་ན། ཐེངས་གཉིས་མཉམ་འཛོམས་ལས་སྔ་མའི་ཉིན་ཤིན་ཏུ་སྤྲོ་ཞིང་ཕྱི་མའི་ཉིན་དེ་ཙམ་གྱི་སྤྲོ་བ་མ་བྱུང་། རྒྱུ་མཚན་ནི། ང་ཕ་ཡུལ་དུ་སྡོད་པའི་ཉིན་མཐའ་མ་དེ་ཡིན་ལ་སང་ཉིན་ཕ་ཡུལ་དང་ཨ་མ། སྤུན་མཆེད་རྣམས་ལ་ཁ་གྱེས་དགོས་པས་རེད། དགའ་སྐྱོ་འདྲེས་མ་ཟུང་གི་མཉམ་འཛོམས་མཐའ་མ་དེ་འདི་ལྟར་སྡོང་རའི་སྐྱིད་གླིང་དུ་མཇུག་བསྒྲུབས་པ་ཡིན།


             ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།                  
  འབའ་སྲས།             
                     བརྒྱད།

    དེ་རིང་ནི་ང་ཕ་ཡུལ་དུ་སྡོད་པའི་ཉིན་མཐའ་མའི་མཐའ་མ་སྟེ། ཆུ་ཚོད་གཉིས་གསུམ་ཙམ་ལས་མེད། ང་སྔ་མོ་ནས་ཡར་ལངས་དུས་ཨ་མ་ངའི་སྔོན་ལ་ཡར་ལངས་འདུག ང་ཨ་མའི་འགྲམ་དུ་བསྡད་དེ་ཨ་མ་དང་མཉམ་དུ་ཞོགས་ཟས་ལ་རོལ། ངའི་ཕུ་བོ་དང་ནུ་བོ། ཨ་ཅེ་དང་མནའ་མ་བཅས་ཀྱིས་ངས་འཁྱེར་དགོས་པའི་ཅ་ལག་དག་རྒྱབ་ཁུག་ཏུ་འཇུག་བཞིན་བདའ། ཨ་མས་ཅི་ཡང་མི་བཤད་པར་ཁུག་སིམ་པར་འདུག ངས་ཨ་མའི་གདོང་ལ་ཡང་ཡང་དུ་བལྟས། ངའི་རྣམ་རྟོག་མིན་ན་ཨ་མའི་ངོ་གདོང་སྔོན་དང་མི་འདྲ་བར་བལྟས་བལྟས་རིག་རིག་ལ་ཉམ་པའི་མཐོང་སྣང་བྱུང་། འོན་ཀྱང་། ང་འགྲོ་དགོས། ཨ་མ་འཇོག་དགོས།

    ངའི་ནུ་བོས། ཡ་ད་ལམ་མ་ལོངས་འགྲོ་རན་སོང་ཟེར། ངའི་རྒྱབ་ཁུག་རྣམས་རེ་རེ་བྱས་སྒོ་ལ་སྐྱེལ་བཞིན་འདུག ཨ་མ་གྲག་འགུལ་ཅི་ཡང་མི་བྱེད་པར་ངའི་ནུ་བོའི་གདོང་ལ་ལྟ་ཙམ་བྱས་ནས་མགོ་སྒུར་ནས་འདུག སྐབས་དེར་ངའི་མིག་མཐའ་མཆི་མས་གང་ཞིང་ཡ་ཆུང་སྐྱོ་བས་གཟེར། ང་རང་དབང་མེད་པར་ཨ་མའི་སྐེ་ལ་འཐེམས་ནས་ངུས། ཨ་མ་ལགས། ཁྱོད་སེམས་བདེ་མོ་བྱོས། ལོ་རྗེས་མར་ངས་བུ་ཚ་གཉིས་འཁྲིད་ནས་སླར་ཡང་ཨ་མ་ཁྱོད་ལ་བལྟ་རུ་ཡོང་། དེ་བར་དུ་ཨ་མ་ཁྱོད་མིག་ཕྱེས་ནས་འདུག་དགོས། གདོང་པ་འཛུམ་ནས་འདུག་དགོས། ངའི་བུ་ཚ་གཉིས་ལ་སྒུག་ནས་འདུག་དགོས། སྐུ་མཁྱེན་ཨ་མ་ལགས། ངས་སྐད་ཆ་དེ་དག་བཤད་ཞོར་ཨ་མའི་འགྲམ་ངོས་གཉིས་ལ་འོ་ཞིག་བྱས་རྗེས་ཨ་མའི་གདོང་ལ་ལྟ་ཙམ་ཡང་མ་ཐུབ་པར་ངུ་བཞིན་སྒོ་ལ་བུད། ངའི་ཨ་ཅེ་དང་ཕུ་ནུ་ཚོ་ཡང་ངུ་བཞིན་ངའི་རྗེས་སུ་ཡོང་བཞིན་འདུག ང་ཁང་བརྩེགས་ལས་མར་བབས་ཏེ་ཕྱིར་ཨ་མ་སྡོད་སའི་ཁང་པར་བལྟས། ཨ་མ་མཐོང་གི་མི་འདུག ཨ་མས་ངའི་རྗེས་ལ་མིག་ཆུ་གཏོར་བ་འམ་ཡང་ན། སྨོན་ལམ་ཞིག་འདེབས་ཀི་ཡོད་པ་སུས་ཀྱང་མི་ཤེས། གང་ལྟར་ང་འགྲོ་དགོས། ཨ་མ་འཇོག་དགོས།

    ང་སྐྱེལ་མ་བྱེད་མཁན་གྱི་མི་ཚང་མས་སྒོ་འགྲམ་ནས་ང་ལ་སྒུག་ནས་འདུག ཁོ་ཚོ་ཚང་མ་ངའི་ཨ་ཁུ་དང་ཨ་ནེ་ལ་སོགས་པའི་རང་མི་དག་དག་རེད། ཡིན་ན་ཡང་ངའི་ཨ་མའི་སྤུན་ཆུང་བ་ཨ་ནེ་བསླེབས་མི་འདུག ང་མྱུར་ཏུ་ཁོ་ཚང་ལ་སོང་། མོའི་ཁྱོ་ཀ་སྟེ་ངའི་ང་ཁུ་ལོ་རྒན་ཞིང་གཟུགས་གཞི་མི་བདེ་བས་ང་སྐྱེལ་དུ་ཡོང་མི་ཐུབ་པས་དེ་ལྟར་ལྷག་པ་རེད། ང་ཁོ་ཚང་ལ་བསླེབས་དུས་ཨ་ཁུ་ད་དུང་མལ་ས་ནས་ལངས་མི་འདུག ངས་ཨ་ཁུ་ང་འགྲོ་གི་ཡོད་ཟེར་ཞོར་ཨ་ཁུ་ལ་འཐེམས་ཞིང་ངུས། ངའི་ཨ་ནེ་ཡང་ངུ་བཞིན་འདུག  ཨ་ཁུས་ང་ལ་ཡ་ཡ། ཚེ་རིང་ཟེར་བ་ཙམ་ལས་ངས་ཅི་ཡང་མ་ཐོས། ངས་ཨ་ཁུ་བདེ་མོ་ཟེར་ཏེ་ངུ་བཞིན་སྒོ་རུ་བུད། ཨ་ནེ་ངུ་བཞིན་ངའི་རྗེས་དེད་ནས་ཡོང་གི་འདུག ང་སྐྱེལ་མ་བྱེད་མཁན་ཚོས་ང་ལ་སྒུག་ནས་འདུག ཁོ་ཚོ་མཐོང་དུས་ང་ངུ་རྒྱུ་ཇེ་མང་དུ་སོང་ཞིང་མིག་ཆུ་ཇེ་མང་དུ་གྱུར། ངས་ཁོ་ཚོ་ཚང་མའི་སྐེ་ལ་འཐེམས་བཞིན་ངུ་བཞིན་བྱས། ངས་ཨ་ཁུ་གཞན་པ་དེས་ད་མ་ངུ་འགྲོ་ཁར་མིག་ཆུ་ཕོད་ན་ཡག་པོ་མེད་ཟེར། ངས་ཡ་ཟེར་ནས་རླངས་འཁོར་དུ་བསྡད། ཁོ་ཚོས་ཚང་མས་ང་ལ་བདེ་མོའི་ལག་གཡུག་བྱེད་བཞིན་ང་ལ་སྐྱེལ་མ་བྱས། ཟི་ལིང་དུ་འགྲོ་བའི་རླངས་འཁོར་གསུམ་ཟི་ལིང་གི་ལམ་ཁར་བསྐྱོད་འགོ་བརྩམས། ཁོང་ཚོས་ད་དུང་བདེ་མོའི་ལག་པ་གཡུག་བཞིན་འདུག གང་ལྟར་ང་འགྲོ་དགོས། ཁོང་ཚོ་འཇོག་དགོས།


              བོད་ཡུལ་དུ་བསྐྱོད་པའི་ཟིན་ཐོ།
འབའ་སྲས།
                       དགུ།

  ང་ཟི་ལིང་དང་ནུབ་ཕྱོགས་སུ་ཁ་ཕྱོགས་ཏེ་འགྲོ་བཞིན་ཡོད་ན་ཡང་། ངའི་སེམས་པ་ད་དུང་ཨ་མ་དང་གཉེན་ཉེ་སྤུན་མཆེད་ཀྱི་མཐའ་སྐོར་ན་ཤི་བོ་ཞིག་གི་རྣམ་ཤེས་བཞིན་ཚུར་ལ་འཁོར་མ་ཐུབ་པར་ལུས། ངའི་བུ་མོས་པ་ལགས། སྐད་ཆ་ཤོད་ཡ། ཁ་སྔོན་ནམ་ཡིན་ཡང་གད་མོ་རྐྱང་རྐྱང་རེད། དེ་རིང་ཁ་ཅི་ཡང་གྲག་གི་མི་འདུག དེ་ལྟར་བསྡད་ན་ང་སྐྱིད་པོ་མི་འདུག་ཟེར། ང་ལྷག་པར་དུ་སེམས་སྐྱོ་བར་གྱུར། ངས་བུ་མོ་ལ་སྨོ་སྨོ་གཟུགས་པོ་ཡག་པོ་མི་འདུག་ལབ་ནས་དབུགས་རིང་ཞིག་འཐེན། ངས་བུ་མོས། སྨོ་སྨོ་ཚེ་རིང་པོ་འདུག་ཐུབ་ཀི་རེད། ཨ་ཁུས་ཡག་པོ་བྱེད་ཀི་ཡོད་པ་མཐོང་མ་སོང་ངམ་ཟེར།  དེའི་མཚམས་ལ་ངའི་ནུ་བོས་ད་སེམས་མ་སྐྱོ། ཨ་མའི་ཕྱོགས་ནས་ང་ཡོད་ཟེར། ཁོ་གད་མོ་དགོད་བཞིན་ཟི་ལིང་ལ་ཐོན་ན་ཁྱོད་ཀྱི་དགའ་རོགས་མས་ཁྱོད་ལ་སྒུག་ཡོད་པཱ་ཟེར་ནས་ངའི་སེམས་གཡེང་བར་བྱེད། འོན་ཀྱང་ངའི་སེམས་པ་ད་དུང་ཤི་བོའི་རྣམ་ཤེས་སུ་གྱུར།

 ང་སྐྱེལ་མ་བྱེད་མཁན་གྱི་རླངས་འཁོར་གསུམ་གཅིག་ལས་གཅིག་མགྱོགས་ཀྱིས་དུང་འཁོར་ལ་བསླེབས། དུང་འཁོར་ནས་ངེད་ཚོས་ཉིན་གུང་གི་ཟ་མ་ཟོས། ཡིན་ན་ཡང་། ང་ལ་ཟ་འདོད་ཅི་ཡང་མི་འདུག ངས་མ་ཟོས་ན་ངའི་བུ་མོས་ཀྱང་མི་ཟ། དེ་བས་ངས་བུ་མོའི་ཆེད་དུ་ཁམ་འགའ་ཟོས། ཟ་མ་ཟོས་རྗེས་ངེེད་ཚོ་མུ་མཐུད་ཟི་ལིང་དུ་བཞུད། དེ་སྔ་ཕ་ཡུལ་ལ་འགྲོ་དུས་དུང་འཁོར་ཁོག་འདི་མཚན་མོ་ཡིན་ཡང་ང་ལ་བཤད་མི་ཤེས་པའི་དགའ་བ་ཞིག་བསྐྲུན་སོང་། གློག་འོད་ཆེམས་ཆེམས་སུ་འཕྲོ། ཟས་ཀྱི་བྲོ་བ་ཞིམ་ཞིམ་དུ་མཆེད། འོན་ཀྱང་ང་ཕྱིར་ལོག་དུས་ངའི་མིག་དབང་ཉམས་སོང་བ་ཡིན་ནམ།  ཡང་ན་ངའི་སྣ་དང་ལྕེ་ཡི་དབང་ཤུགས་ཤོར་སོང་བ་ཡིན། གང་ལྟར། ངའི་མིག་གིས་ཕྱིའི་མཛེས་ལྗོངས་ལ་རོལ་མྱོང་བྱེད་དཀའ་ལ། དེ་བས་ཀྱང་ཟས་ཀྱི་བྲོ་བ་མྱོང་མི་ཐུབ། ངེད་ཚོ་སླར་ཡང་ཟི་ལིང་དུ་བཞུད།

  ཏིར་ཏིར་ཏིར། ཟི་ལིང་གི་གྲོགས་མོས་ང་ལ་ཁ་པར་བསླེབས་སོང་། མོས་ང་གང་དུ་སླེབས་ཡོད་མིན་དང་། ཟི་ལིང་ལ་ཆུ་ཚོད་ག་ཚོད་ཐོག་འབྱོར་མིན་སོགས་འདྲི། ཁྱེད་ལ་སྐྱེལ་མ་བྱེད་མཁན་མང་པོ་མེད་ན་མོས་གནམ་གྲུའི་ཐང་ལ་སྐྱེལ་ཆོག་ཟེར། ངས་མི་དགོས། ང་ལ་སྐྱེལ་མ་བྱེད་མཁན་རླངས་འཁོར་གསུམ་ཡོད་བཤད། མོས། ཁྱོད་ང་ལ་ཐུག་ཁོམ་ཨེ་ཡོད་འདྲི། ངས་ཡོད་ཅེས་ལན་བཏབ། 

  ངེད་ཚོ་ཟི་ལིང་དུ་བསླེབས་སོང་། ང་སྐྱེལ་མ་བྱེད་མཁན་ནུ་བོ་དང་མག་པ་ཚོས་ང་ལ་དུས་ཚོད་འཁོར་ལོ་དང་། ཁ་པར། ལྭ་བ་ཉོ་ཕྱིར་ཚོང་ཁང་ཞིག་ཏུ་འགྲོ་ཟེར། ངས་ང་ལ་ཅི་ཡང་མི་དགོས། ང་ལ་དུས་ཚོད་ཅིག་སྤྲོད་རོགས་ཞུས། ངའི་ནུ་བོ་ཆེ་བ་རྣམ་རིག་གསལ་ཞིང་བློ་རིག་ལྡན་པས། ངའི་ཞེ་འདོད་རྟོགས་སོང་། འོ་ན། ཁྱོད་དཔེ་ཆ་དེ་ཉོ་རུ་སོང་། ངས་ཁྱོད་སྐྱེལ་ཆོག་ཟེར་ནས་རླངས་འཁོར་གཅིག་ངའི་ཚ་བོ་ཞིག་ལ་བསྐོར་དུ་བཅུག་ནས་ང་གྲོགས་མོའི་ཁྱིམ་དུ་སྐྱེལ། གྲོགས་མོའི་ར་སྐོར་གྱི་འདབ་ནས་རླངས་འཁོར་བཀག་ཏེ་ང་ས་ལ་བབས།   ངས་གྲོགས་མོ་ལ་ཁ་པར་གཏོང་ཞོར་མོའི་སྒོ་ཕྱོགས་ཀྱི་ལམ་ཁ་དེད། མོ་ཡང་ང་བསུ་ཕྱིར་ངའི་མདུན་ལ་བསླེབས་སོང་། ངེད་གཉིས་མོའི་ཁྱིམ་དུ་མ་སོང་བར་མེ་ཏོག་ལྡུམ་རའི་ནང་ཁ་བརྡ་བྱས་ནས་བསྡད། མོ་ཡང་སེམས་པ་སྐྱིད་ཀི་མེད་ལ་ང་ཡང་སེམས་པ་མི་སྐྱིད་པས་སྐད་ཆ་མང་པོ་ཞིག་ཁོག་ནས་ལུས། མོས་ང་མ་བརྗེད་ཟེར། ངས་བརྗེད་ག་ལ་ཐུབ་ཟེར་བ་ལས་གཞན་ཅི་ཡང་ཤོད་རྒྱུ་མ་རྙེད། མོས་དྲན་རྟེན་ཡིན་ཟེར་ནས་པར་ཞིག་ལངས། ངས་ལོ་རྗེས་མར་མཇལ་བའི་རྟེན་འབྲེལ་ཡིན་ཟེར་ནས་པར་ཞིག་བརྒྱབས། འདི་ལས་གཞན་ཅི་ཡང་མ་རྙེད། ང་བུད་སོང་། མོའི་མིག་ཟུང་ཅེར་ནས་ལྟ། གང་ལྟར་ང་འགྲོ་དགོས། མོ་འཇོག་དགོས། 

  ཏིར་ཏིར་ཏིར། ངའི་ནུ་བོའི་ཁ་པར་རེད། ད་ཤོག་འགྲོ་རན་སོང་ཟེར། ངས་ཡ་ཡ་ཟེར་བཞིན་ལམ་དུ་ཞུགས། ང་ཁ་ཕྱིར་ཁོར་ནས་མོ་ལ་བལྟས། མོ་ད་དུང་ལངས་ནས་འདུག གང་ལྟར་ང་འགྲོ་དགོས། མོ་འཇོག་དགོས། 

    ང་སྐྱེལ་མ་བྱེད་པའི་རླངས་འཁོར་གསུམ་ཟི་ལིང་གནམ་ཐང་དུ་བཞུད། ངའི་མིག་གིས་རྒྱབ་ལ་བལྟས། ཅི་ཡང་མཐོང་རྒྱུ་མི་འདུག ངས་སེམས་ཐག་བཅད། ང་འགྲོ་དགོས། ཚང་མ་འཇོག་དགོས།

   ཅུང་མ་འགོར་བར་ཟི་ལིང་གནམ་ཐང་དུ་བསླེབས། ངའི་ནུ་བོས་ཨ་མ་ལ་སེམས་ཁུར་མ་བྱེད་ང་ཡོད་ཟེར། ངའི་ཨ་ཅེའི་མག་པས་སྐད་ཆ་དེ་ལ་འདང་རྒྱོབས། ཕྱིར་ཕ་ཡུལ་དུ་ལོག་ཤོག་ངས་ཁྱེད་ལ་ཁང་པ་ཉོ་ཟེར། ངས་ཡ་ཡ་ཟེར་ཞོར་ངེད་ཕ་བུ་གཉིས་གནམ་ཐང་གི་འགག་སྒོ་ནས་ནང་དུ་འཛུལ། ཁོང་ཚོས་བདེ་མོའི་ལག་གཡུག་བྱེད་བཞིན་ངའི་རྗེས་ལ་ཅེར་ནས་འདུག གང་ལྟར་ང་འགྲོ་དགོས། ཁོང་ཚོ་འཇོག་དགོས། 


          ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།            
འབའ་སྲས།
                  བཅུ།

  ངས་བཤད་འདོད་པའི་སྐད་ཆ་འདི་ལྟར་གླེང་བར་འདོད་ལ་གླེང་ཡང་འོས། ང་ལོ་ངོ་ཉི་ཤུའི་རྗེས་སུ་ཕ་ཡུལ་དུ་བསླེབས་པ་ཐོོག་དང་པོ་རེད། ཐོག་དང་པོ་ཡང་ཉི་མར་བཀུགས་ན་ཉི་མ་སུམ་ཅུ་ལས་མེད། ཉི་མ་སུམ་ཅུ་བརྩི་ན་གྲངས་ཀ་སུམ་ཅུ་རེད་མོད། ང་ལ་མཚོན་ན་ཉིན་གཅིག་གི་དུས་ཚོད་ཀྱི་སྣང་བ་སྐྱེས། དེ་ཅི་ཡིན་ཞེ་ན། ང་དགའ་ཞིང་སྤྲོ་ལ་འཛུམ་ཞིང་དགོད། ངའི་དགའ་སྤྲོ་དང་འཛུམ་མདངས་ནི་ཁྱེད་ཚོ་དང་རྟེན་ཅིང་འབྲེལ་བར་བྱུང་། ངོ་མ་བཀའ་དྲིན་ཆེ། 

       ད་དུང་གསེར་དངུལ་གཡུ་བྱུར་གྱི་སྐེ་རྒྱན། དངུལ་གྱི་ལག་གདུབ་དང་མཛུབ་དཀྲིས། དངུལ་གྱི་ཐེར་མ་དང་བཞོ་ལུང་། བོད་ལྭ་དང་རྒྱ་ལྷམ་ལ་སོགས་རྒྱན་ཆ་དང་གྱོན་ཆོས་རིགས། གླ་རྩི་དང་དོམ་མཁྲིལ་ལ་སོགས་པའི་རྩ་ཆེན་སྨན་རིགས། ལུག་དང་གཡག་གི་ཤ་སྐམ། མེ་ཏོག་ཡོངས་འཛུམ་དང་ལོ་ཆེན་ཇ་བཟང་། རྒྱ་ཆང་དཀར་པོ་དང་ཐ་མག་དམར་པོ་ལ་སོགས་པའི་བཟའ་བཏུང་གི་རིགས། མ་ཎི་གཙག་གྲུབ་དང་པདྨ་ཁ་ཕྱེས་ལ་སོགས་པའི་མཆོད་ཆོས་རིགས་ཀྱི་རྫོང་བ་ངས་བཙལ་ཀྱང་མི་རྙེད་ལ། ཉོས་ཀྱང་མི་ཁུག ངོ་མ་བཀའ་དྲིན་ཆེ། 

     དེ་ལས་ཀྱང་རྙེད་དཀའ་བ་དང་རིན་ཐང་གཞལ་དཀའ་བ་ནི། ཨ་མ་ལ་བྱམས་ཤིང་བརྩེ་བ་དེ་ཡིན། ངའི་ནུ་བོ་ཆེ་བ་དང་ཁོའི་ཆུང་མ་གཉིས་ཀྱིས་ལོ་ངོ་དུ་མའི་རིང་། ཆུ་ཚོད་དང་ཉི་མ། ཟླ་བ་དང་ལོ་བརྩེགས་ནས་ཨ་མ་ལ་བྱམས་ཤིང་བརྩེ། ཁོང་བཟའ་ཟླ་གཉིས་ཀྱིས་ཨ་མར་བཅངས་པའི་བྱམས་བརྩེ་ནི་ང་ལ་གནང་པའི་ལེགས་སྐྱེས་ཡག་ཤོས་དང་ཆེས་རིན་ཐང་བྲལ་བའི་དངོས་པོ་དེ་ཡིན། ངོ་མ་བཀའ་དྲིན་ཆེ།

    ཨ་མའི་ཚེ་ཚད་ནི་གཤིན་རྗེ་ལ་དབང་ཞིང་། ཨ་མའི་ལས་དབང་ནི་དགེ་བསགས་ཀྱིས་གྲུབ། ངའི་སྐྱོ་སེམས་དང་དྲན་གདུང་གིས་འགོག་མི་ཐུབ་པ་ནི་ཨ་མའི་ཚེ་ལོ་ཡིན་ལ། ཁྱོད་གཉིས་ཀྱིས་བཅངས་པའི་བྱམས་བརྩེ་དང་སྙོར་སྐྱོང་གིས་བསྲིངས་མི་ཐུབ་པ་ཡང་ཨ་མའི་ཚེ་ལོ་ཡིན། འོན་ཀྱང་། ཨ་མའི་བདེ་སྐྱིད་དང་ཉིན་རེའི་འཚོ་བ་ནི་ཁྱེད་གཉིས་ཀྱི་ལག་མཐིལ་ན་ཡོད། ཁྱོད་གཉིས་ཀྱི་ལག་མཐིལ་ནི་ཨ་མ་རྒས་ས་དང་འཆི་ས་ཡིན་ལ། ཨ་མའི་རྣམ་ཤེས་འཁོར་ས་ཡང་ཡིན། དེ་བས། ཁྱོད་གཉིས་ཀྱི་ལག་མཐིལ་འཇམ་ཞིང་མཉེན་དགོས།  དེ་ལྟར་བྱུང་ན་ང་ལ་ཆེས་རིན་ཐང་བྲལ་བའི་ལེགས་སྐྱེས་ཤིག་སྦྱིན་སོང་། ངོ་མ་བཀའ་དྲིན་ཆེ།

     ཨ་མ་ལགས། ལོ་རྗེས་མར་ངས་ཁྱེད་ཀྱི་ཚ་བོ་གཉིས་ཁྲིད་ནས་ཡོང་གི་ཡོད། དེའི་བར་དུ་ཨ་མ་ཁྱེད་ཀྱི་མིག་ཕྱེས་ནས་འདུག་དགོས། གདོང་འཛུམ་ནས་འདུག་དགོས། ཁྱེད་ཀྱི་ཚ་བོ་གཉིས་ལ་ངེས་པར་དུ་སྒུག་ནས་འདུག་དགོས། དེ་ལྟར་བྱུང་ན་ཨ་མས་ང་ལ་ཆེས་རིན་ཐང་བྲལ་བའི་ལེགས་སྐྱེས་ཤིག་སྦྱིན་སོང་། ཨ་མ་ལགས། ངོ་མ་བཀའ་དྲིན་ཆེ།

སེན་འགོ་ཁྲག་དང་སེན་སྟེང་རྣག་གིས་རྒས།།  སེམས་པ་གདུང་ཞིང་ལུས་ཕུང་ནད་ཀྱིས་གྲུམ།།
མིག་མཐའ་རུབ་ཅིང་འགྲོ་ལམ་ལོ་ཡིས་བཀག། 
དྲིན་ཆེན་ཨ་མ་སངས་རྒྱས་སྟོང་གིས་སྲུངས།།

                 རྫོགས་སོ།།


Sent from my iPhone

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།