ཕྱི་རྒྱལ་ཡུལ་ན་ཅི་ཡང་མེད།

02/07/2011 00:16

 གངས་རི་དཀར་པོ་རྒྱབ་ཏུ་བཞག་ནས་ས་མཐའི་འཕྲེང་ལམ་རྐང་པས་བརྫིས།།

རང་ས་དྲོད་མོའི་རུམ་ནས་ཆས་ཏེ་མི་ཡུལ་འཁྱག་རླུང་མལ་དུ་བྱས།།
ས་མཐའི་འཚོ་བས་ལུས་ལ་གཙག་ཀྱང་སེམས་ཀྱི་དཔའ་ངར་མི་ཞུམ་པའི།།
གངས་རིའི་བུ་ཕྲུག་སྟག་ཕྲུག་འདྲ་བོ་ཉེ་ལམ་ཁྱོད་ཀྱི་སྐུ་བདེ་འམ།།

ཁ་སང་ཞིག་ནས་ཁ་པར་ནང་ནས་ཁྱེད་ལ་སྐད་ཆ་བཤད་འདོད་ཀྱང་།།
དེ་རིང་བར་དུ་གུང་གསེང་མེད་པས་འབྲེལ་འདྲེས་དུས་ཡུན་རིང་དུ་གྱུར།།
འོན་ཀྱང་ནམ་ཡང་ཁྱོད་ནི་མི་བརྗེད་ཁྱོད་ནི་བདག་གི་སེམས་ངོས་སུ།།
ཟླ་བའི་སྟེང་གི་རི་བོང་བཞིན་དུ་བདག་གི་སེམས་ལ་བྲིས་ནས་ཡོད།།

ལས་ཀ་ཞིག་གི་སྐམ་པའི་ཁ་ནས་བདག་གི་ལུས་འདི་ཞ་སྨྱུག་བཞིན།།
སྦྱིན་བདག་བཙན་པོས་ཇི་ལྟར་བཙིར་ན་དེ་བཞིན་སྙི་བའི་བདག་གི་ལུས།།
ཨ་ཐང་ཆད་ནས་དབུགས་རྩ་འགག་ཀྱང་ངལ་གསོ་རང་དབང་མེད་པ་ཡི།།
ཕྱི་རྒྱལ་ཡུལ་གྲུ་དམྱལ་བའི་གྲོང་ནས་བདག་ནི་དམྱལ་བའི་ལུས་ཅན་ཞིག །

ཕྱི་རྒྱལ་མ་མཐོང་མང་པོ་ཞིག་གིས་ཕྱི་རྒྱལ་ལྷ་ཡུལ་ཁམས་ལྟར་སྣང་།།
ཕྱི་རྒྱལ་ཞིག་ལ་མཐར་བའི་དོན་ལ་རང་ལ་ཡོད་ཚད་མི་ལ་སྤྲད།།
ཕྱི་རྒྱལ་བསླེབས་པའི་ཉིན་མ་དེ་ནས་རང་ཉིད་མི་ཡི་གཡོག་པོར་གྱུར།།
གཡོག་པོར་རྒྱུགས་ནས་ལུས་འཚག་མ་འཁྱོག་ཨ་ཤུ་འདོན་པ་ཤིན་ཏུ་མང་།།

བདག་ནི་ནང་གི་གཙོ་བོ་གཅིག་སྟེ་ད་ནི་ཤིན་ཏུ་འགྱོད་པར་གྱུར།།
འགྱོད་པའི་གདུང་བ་སེམས་ནས་འཕྱུར་ཡང་འགྲིག་གི་ཐབས་ཤིག་མ་བརྙེད་པས།།
སྦྱིན་བདག་བཙན་པའི་དབང་འོག་ཅིག་ནས་ཨ་ཐང་ཆད་པའི་དབུགས་དང་ལྷན།།
རང་ལུས་རིན་ཆེན་སྡུག་ལ་སྦྱར་ནས་འདི་ལྟར་མི་སྡོད་ག་མེད་རེད།།

ཁྱོད་ནི་བདག་དང་འདྲ་བ་མེད་དོ་ཁྱོད་ནི་མི་གཅིག་ཁེར་རྐྱང་སྟེ།།
ཁྱིམ་ཚང་སྐྱོང་བའི་དཀའ་སྡུག་མེད་ལ་བུ་ཕྲུག་མང་བའི་སེམས་ཚེགས་མེད།།
ཆུང་མ་ཞིག་གི་ཁྲིམས་འོག་ལྷུང་ནས་འགྲོ་ཤེས་འདུག་ཤེས་དེ་ཡང་མེད།།
རང་གི་དཔོན་པོ་རང་ཉིད་ཡིན་པས་འདི་ལས་ལྷག་པའི་སྐྱིད་ཅིག་གང་།།

སྐྱིད་པོ་སེམས་ཀྱིས་ཤེས་པ་མེད་ན་ལུས་ཀྱིས་དཀའ་སྡུག་མྱོང་བར་འགྱུར།།
བུ་མོ་སྐྱིད་པའི་གནས་ནས་མི་འདུག་ར་མ་བདེ་སར་མི་འདུག་ཅེས།།
གནའ་མིའི་གཏམ་འདི་ཅི་འདྲས་བདེན་ཨང་རྫིག་མདོག་སྟོན་མཁས་སྐུ་ངོ་དག །
ཕྱི་རྒྱལ་ཡུལ་གྱི་ཟ་ཁང་ནང་དུ་སྦྱིན་བདག་བཀའ་སྐྱོན་ཉོས་ལ་ལྟོས།།

ཕྱི་རྒྱལ་ཡུལ་ན་ངལ་གསོ་མེད་ལ་ཕྱི་རྒྱལ་ཡུལ་དུ་ལྷོད་ལྷོད་མེད།།
ཕྱི་རྒྱལ་ཡུལ་དུ་འདུག་ཁོམ་མེད་ལ་ཕྱི་རྒྱལ་ཡུལ་དུ་འགྲོ་ཁོམ་མེད།།
ཕྱི་རྒྱལ་ཡུལ་དུ་ལུས་པོ་མེད་ལ་ཕྱི་རྒྱལ་ཡུལ་དུ་སེམས་ཀྱང་མེད།།
ཅི་ཡང་མེད་པའི་ཕྱི་རྒྱལ་ཡུལ་ནས་ཡོད་པ་འགའ་ཞིག་འདི་ལྟ་སྟེ།།

མི་ནག་མ་ཡི་ཨོང་ཤ་དགོས་ན་མི་ནག་ཨོང་ཤ་ཐང་ན་ཡོད།།
ཁ་ཆེ་བུ་མོའི་ཁ་ཡག་དགོས་ན་དེ་ཡང་འདི་ན་གྲངས་ཀ་མེད།།
རྒྱ་ནག་བུ་མོའི་ལང་ཚོ་དགོས་ན་རྒྱ་ལམ་ནང་དུ་ཐ་ར་ར།།
བོད་པའི་བར་གྱི་ཕྲག་དོག་དགོས་ན་དེ་ཡང་འདི་ན་ཤིན་ཏུ་མང་།།

འོན་ཀྱང་ཁྱོད་ལ་མཁོ་བའི་དངོས་པོ་རྡོག་གཅིག་འདི་ན་མེད་པས་ན།།
ཁྱོད་ཀྱི་སེམས་པ་ཕྱི་ལ་མ་འཁོར་ད་དུང་དེ་རུ་གནས་བཅོས་མཛོད།།
རིག་པའི་སྒྲོན་མེའི་ལག་ཏུ་བཟུང་ནས་འཇིག་རྟེན་མུན་ནག་ལམ་དུ་ཞུགས།།
མུན་པའི་ལམ་དུ་དཀར་མེ་སྒྲོན་ནས་ལོང་བ་དག་གི་མིག་ཕྱེས་མཛོད།།

བདག་གི་མིག་གིས་མཐོང་བ་དངོས་དང་ལུས་སེམས་གཉིས་ཀྱིས་མྱོང་བ་དག །
ཟུར་གཅིག་བསྡུས་པའི་ཚུལ་གྱིས་བརྗོད་ཡོད་བདེན་པར་འདོད་ན་ཡིད་ཆེས་མཛོད།།
ཕལ་ཆེར་བདེན་པ་མ་རེད་བསམ་ན་ད་དུང་གཞན་དང་གཞན་ལ་དྲིས།།
ཕྱི་རྒྱལ་ཤིན་ཏུ་སྐྱིད་དོ་འདོད་ན་ཤོག་དང་བདག་ལ་བསམ་འཆར་མེད།།

སེར་ལམ་ཉི་མ་ནུབ་ཏུ་བཞུད་སོང་མུན་པའི་གྲིབ་མ་འཐིབས་ནས་བསླེབས།།
ཆུ་སྐྱེས་འདབ་མ་ཟླུམ་པོར་བྱས་ནས་གེ་སར་རུམ་སྟེ་མལ་དུ་གཟིམས།།
དྲག་ཏུ་འཕྱུར་བའི་མཚོ་མོའི་རླབས་སྒྲ་ཐོས་པ་མེད་པའི་ཞི་བར་གནས།།
བདག་ཀྱང་མཚན་མོའི་ཡུལ་དུ་ཕྱོགས་འགྲོ་གྲོགས་པོ་ད་ལམ་བདེ་མོ་བྱོས།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།