བདག་དང་དཔྱིད་ཀ

23/06/2011 22:02
བདག་གི་མགོ་བོ་རུམ་ལ་བཅུག་ནས་སྟོན་གསུམ་འབྲུག་གི་སྐད་མ་གོ །
ལྟ་བྱེད་མིག་གཉིས་གཉིད་དུ་གཡེར་ནས་དགུན་གྱི་ཁ་བའི་མདངས་མ་མཐོང་།།
ལེ་ལོ་སེམས་པ་སྒྱིད་དུ་ལུག་ནས་དབྱར་སྐྱེས་ཁུ་བྱུག་གསུང་མ་ཐོས།།
དེ་རིང་གློ་བུར་ཕྱི་ལ་བལྟས་ཚེ་དཔྱིད་ཀྱི་དཔལ་ཡོན་ཤར་ནས་བསླེབས།།

ཨེ་མ་ཅི་འདྲའི་མཛེས་སྡུག་ལྡན་པའི་དཔྱིད་ཀྱི་དཔལ་ཡོན་ཡིད་དུ་འོང་།།
གསར་སྐྱེས་མྱུ་གུ་ཆུང་ཆུང་དག་གི་སྔོ་ལྗང་ལྡན་པའི་རྩེ་མོ་གཡོ།།
ལྗོན་ཤིང་ཆེ་བའི་ཡལ་གའི་སྟེང་དུ་མདོག་བཟང་མེ་ཏོག་ལྷམ་མེར་བཀྲ།།
འདབ་ཆགས་བྱ་རྣམས་ལྷན་ཅིག་ལྡིང་བའི་སྣ་ཚོགས་སྐད་ཀྱིས་རང་སྒྲ་སྙན།།

 

དལ་གྱིས་འབབ་པའི་དྭངས་གཙང་ཆུ་ཡིས་ས་ཡི་ཕང་ལ་རི་མོ་འབྲི།།  
ལྷོད་ཀྱིས་ལྡང་བའི་རླུང་བུ་འཇམ་པོས་ཙན་དན་དྲི་མ་སྣ་ལ་བསྐྱེལ།།
དྲོད་ཀྱིས་ཤར་བའི་ཉི་མ་དགའ་བས་དྲོ་བའི་ཟེགས་མ་ས་ལ་འཕེན།།
ཤིན་ཏུ་སྐྱིད་ཅིང་དགའ་བའི་ཚོར་བ་དཔྱིད་ཀྱི་དཔལ་མོས་བདག་ལ་བྱིན།།

ཀྱེ་ཀྱེ་དེ་རིང་གློ་བུར་མཐོང་བའི་དུས་བཞིའི་ཁྲོད་ཀྱི་དཔྱིད་ཀ་ལགས།།
བདག་ནི་གཉིད་དང་ལེ་ལོའི་དབང་གྱུར་དབྱར་དགུན་སྟོན་གསུམ་མ་མཐོང་བས།།
དབྱར་དགུན་སྟོན་གསུམ་རེ་རེ་ལ་ཡང་ཁྱོད་དང་འདྲ་བའི་མཛེས་སྡུག་དང་།།
ཡིད་དུ་འོང་བའི་ཁྱད་འཕགས་ཡོན་ཏན་ཅི་ཞིག་ལྡན་ནམ་གསུང་བར་མཛོད།།

འདི་ལྟར་དྲིས་ཚེ་དཔྱིད་ཀའི་མགོ་བོ་ཅུང་ཟད་ཡར་ལ་དགྱེ་བྱས་ཏེ།།
ཉོན་ཅིག་དབྱར་ཀ་མེ་ཡི་དུས་ཏེ་རྩྭ་དང་ལོ་ཏོག་ཉི་མས་སྐམ།།
དྲག་ཏུ་འབབ་པའི་ཆར་ཆུ་རྒོད་པས་ས་གཞི་ཐམས་ཅད་ཆུ་ཡིས་གནོན།།
མེ་དང་ཆུ་གཉིས་འགྲན་པ་ལྟར་དུ་གཅིག་ལས་ཅིག་ཤས་གནོད་དུ་ཆེ།།

སྟོན་ཀའི་དུས་ཀྱིས་སྐད་ཅིག་ཉིད་ལ་རེ་བའི་སེམས་ཀྱི་རྩ་བ་འབྲེག །
ལྡིར་ལྡིར་མི་སྙན་འབྲུག་སྐད་དང་བཅས་གློག་ཐོག་སེར་བ་ས་ལ་འཕེན།།
འབྲས་ལྡན་སྙེ་མའི་མགོ་བོ་བཅོམས་ཏེ་ས་ཡི་འོག་ལ་བརྫི་བར་བྱེད།།
ལྗོན་ཤིང་ལོ་མ་རླུང་གིས་འཁུར་ནས་དབྱིག་འཛིན་ལུས་པོ་གཅེར་བུར་ཕུད།།

དགུན་ཁར་འཁྱག་རོམ་གང་སར་ཆགས་ནས་ས་གཞི་རྐང་ལག་དར་གྱིས་བསྡམ།།
ཁ་ཆར་བུ་ཡུག་མཉམ་དུ་འཚུབ་ནས་ཉི་མའི་ཟེར་གྱི་འོད་ཁ་འགོག །
དྲོད་ཁོལ་བདེ་སྐྱིད་ཡུན་ཙམ་མི་འཐོབ་ཐམས་ཅད་འཁྱག་ནས་ཤི་བར་བྱེད།།
དགུན་ཁའི་དུས་འདི་གྲང་དམྱལ་འདྲ་བས་སུ་ཞིག་དགའ་བ་མེད་དོ་ལོ།།

མདོར་ན་གནམ་ཟླ་བཞི་ཡི་ནང་དུ་དཔྱིད་དུས་བདག་ལ་འགྲན་པ་མེད།།
ཁྱོད་ནི་དཔྱིད་ཀ་བདག་དང་འགྲོགས་དང་དཔྱིད་ཀའི་ཡོན་ཏན་ལྡན་པར་འགྱུར།།
སུ་ཡིས་མཐོང་ན་དགའ་བར་བྱེད་ཅིང་སུ་དང་འགྲོག་ན་མཐུན་པར་འགྱུར།།
འདི་ནི་དཔྱིད་ཀའི་རེ་བ་ཡིན་ཞེས་དཔྱིད་ཀས་ང་ལ་ནན་གྱིས་སྐུལ།།
Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།