བདེ་ཆེན་སྒྲོལ་མར་སྤྲིངས་པའི་འཕྲིན།

02/07/2011 00:05

རྒྱང་ཐག་རིང་བའི་འཕགས་ཡུལ་རྒྱ་གར་ན།།

བདེ་ཆེན་སྒྲོལ་མ་ཟེར་ནི་ཞི་མོ་ཞིག །
རྩོམ་ཡིག་མང་མང་སྤེལ་བའི་རྩོམ་པ་པོ།།
ཡིན་པའི་སྐད་ཆ་བདག་གིས་རིང་ནས་ཐོས།།

འགའ་ཤས་བཤད་ན་ཧ་ཅང་མཛེས་མ་དང་།།
ལ་ལས་མི་མཛེས་སྐྱེས་ལུས་ཕོ་འདྲ་ཟེར།།
གང་ལྟར་མང་མང་ཞིག་གི་ཁ་ནང་ནས།།
བདེ་ཆེན་སྒྲོལ་མ་ཟེར་ནས་ཡང་ཡང་གླེང་།།

ཤར་ཕྱོགས་ཁུ་རྟས་དྲན་སྣང་ཁྱོད་ལ་བསྐུར།།
སྙིང་གི་ཚིལ་ལུས་སྙིང་གཏམ་ཁྱོད་ལ་བྲིས།།
བོན་རྒྱ་བསྟན་འཛིན་ཕྲག་དོག་ཁྱོད་ལ་ལངས།།
ཁ་རེ་ཁ་ཐུག་ཐེ་ཚོམ་ཁྱོད་ལ་ཟ།།

རྨོག་རུ་བསྟན་པས་མཛའ་བརྩེ་ཁྱོད་ལ་གླེང་།།
བོད་ལ་དགའ་ཡིས་ངོ་དགའ་ཁྱོད་ལ་བྱེད།།
བོད་ཀྱི་ཕོ་གསར་སྙན་ངག་ཁྱོད་ལ་བསྐུར།།
གསལ་ལེ་རྒྱལ་གྱི་མིག་གིས་རྒྱང་ནས་བལྟས།།

བོད་འཁྱར་སྤྲང་ཕྲུག་སྡུག་སྐད་ཁྱོད་ལ་འདོན།།
རབ་འབྱམས་པ་ཡིས་རྟགས་གསལ་ཁྱོད་ལ་གཏོང་།།
མེ་ཏོག་མ་ཡི་སེམས་ཀྱང་ཁྱོད་ལ་ཤོར།།
འདི་དག་ཚང་མ་ཁྱོད་ཀྱི་འགྲམ་ལ་འཁོར།།        

དེ་རིང་དྲང་བའི་གཏམ་ཞིག་བདག་གིས་འདྲི།།
བདེན་པ་ཡིན་མིན་ཐད་ནས་ལན་ཞིག་སྩོལ།།
ཁྱོད་ཀྱི་ཡ་ཁའི་ངོས་ན་ཁ་སྤུ་དང་།།
མ་ནེ་སྒང་ན་ཨག་ཚོམ་སྐྱེས་འདུག་ཟེར།།

ད་དུང་མགོ་ན་སྐྲ་ལོ་མེད་པ་དང་།།
བྲང་ཁའི་ངོས་ན་ནུ་མ་མེད་རབ་བཤད།།
གཅིན་པ་གཏོང་དུས་ལངས་ནས་གཏོང་བཞིན་པ།།
མཐོང་མྱོང་ཡོད་པའི་མི་ཡང་འགའ་ཤས་འདུག །

མི་ཡིས་བཤད་བཤད་ཉན་རྒྱུ་མེད་མོད་ཀྱང་།།
ཁྱོད་ཀྱི་བྲིས་པའི་རྩོམ་ཡིག་ཁ་ཁེར་ནང་།།
སྐྱེས་པ་ཕོ་རབ་ཅིག་གི་ཕོ་རྟགས་ལས།།
ཞི་མོ་ཞིག་གི་མཚན་མ་མཐོང་རྒྱུ་མེད།།

བྱ་ཞིག་ཡིན་ན་མདའ་ཞིག་འཕེན་རྒྱུ་ཡིན།།
བྱིའུ་ཞིག་ཡིན་ན་རྡོ་ཞིག་གཡུག་རྒྱུ་ཡིན།།
ཞི་མོ་ཡིན་ན་འགྲོག་ཅིག་འཛིན་རྒྱུ་ཡིན།།
ཞི་ལི་ཡིན་ན་ཁ་ཡ་བྱེད་རྒྱུ་མིན།།

ཞི་མོ་ཡིན་པའི་གསོལ་བ་ཐེངས་གསུམ་འདེབས།།
ཞི་ལི་མིན་པའི་སྨོན་ལམ་ཐེངས་གསུམ་རྒྱག །
ཞི་ལི་ཡིན་ཡང་ལུས་ཀྱི་རྟེན་བརྗེས་ནས།།
ཞི་མོ་ཞིག་གི་ལུས་སུ་འགྱུར་བར་ཤོག །

ལོག་པའི་སྨོན་ལམ་བཏབ་པ་མི་འོས་ཀྱང་།།
དགའ་བའི་སེམས་པ་དམར་པོ་སྡིག་ཤེད་ཆེ།།
འདོད་པའི་དབང་གྱུར་བློ་འདི་བཙན་ཤེད་ཆེ།།
སྡིག་བཙན་མདུང་རྩེ་རྣོ་བས་ཁ་འདི་གཤགས།།

༡༣/༠༤/༡༡ མཚན་མོར།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།