མཱུ་ངྷ་དང་ཁྱི་ཡི་གཏམ་རྒྱུད།

05/11/2014 06:16
       
        མཱུ་ངྷ་དང་ཁྱི་ཡི་གཏམ་རྒྱུད།

༼རྒྱ་གར་གྱི་བུ་མོ་མཱུ་ངྷ་དང་ཁྱི་ཡི་གཉེན་སྒྲིག་ལ་སྦྱར་བའི་གཏམ་རྒྱུད་འཇིག་རྟེན་སྐྱེ་བོ་ཀུན་མཚར་ཞེས་བྱ་བ།༽ 


འབའ་སྲས།

ཚངས་པའི་མཉམ་གཞག་བསིལ་རླུང་གི །
རྔ་ཡབ་གཡོ་བའི་བསོད་ནམས་ཀྱིས།།
ཆུ་གཏེར་མངལ་ལས་ཕྱུང་བ་ཡི།།
མཚོ་བྱུང་ངག་གི་ཟླ་བར་འདུད།།

དབྱངས་ཅན་བྱིན་རླབས་གྲུ་ཆར་གྱིས།།
མགྲིན་པའི་ཞིང་བཟང་བརླན་པ་ཡིས།།
ཁོ་བོའི་ལྕེ་ཡི་མེ་ཏོག་ནི།།
གྲེ་འགྱུར་བསེར་བུས་ལྡེམ་པ་མཛེས།།

གཏམ་དང་བསྔགས་པ་ལ་སོགས་སྡེ།།
མཐོང་ཐོས་བརྗོད་ལ་ཁ་ཡི་ལྕེ།།
གྱོང་བའི་སྐྱེ་བོ་དག་ལ་ནི།།
སྙན་ཚིག་སྨྲ་བ་མེད་དོ་ལོ།།

མང་ཐོས་དྲི་མེད་རྒྱུད་མངས་སྟོང་གི་སྐུད།།
ལྷན་སྐྱེས་སྤོབས་པ་མཐོ་པའི་ཏམ་བུ་རར།།
ལེགས་དྲངས་ལེགས་སྦྱོར་སོར་མོས་བརྡུངས་པའི་སྒྲ།།
འཇིག་རྟེན་སྐྱེ་བོ་ཀུན་མཚར་ཉོན་དང་ཐོས།།

ཀྱེ་མ་སྤྱི་ཚོགས་གསར་བའི་ཉི་འོད་ཀྱི།།
གདུགས་དཀར་ཆེན་པོའི་འོག་ཏུ་མ་ཚུད་ཅིང་།།
བསམ་བློ་གྲིབ་མ་ཅན་གྱིས་བཟུང་གྱུར་བའི།།
མཚན་མོ་རྒྱུ་བའི་རིགས་མཐུན་དེང་ཡང་མཐོང་།།

མུ་སྟེགས་མེས་པོའི་བཀའ་ཡིས་དབང་བསྒྱུར་ཅིང་།།
རྣམ་རྟོག་མེ་ཡིས་ས་གཞི་འཚིག་བྱེད་པ།།
འཕགས་ཡུལ་ཤར་ཕྱོགས་ཡུལ་མཐའི་གྲོང་གསེབ་ཅིག །
འཛམ་གླིང་རྗེས་སུ་མ་སོང་འཁོབ་ཏུ་གནས།།

ཡུལ་དེར་སྔོན་ན་སྐྱེས་པའི་མི།།
གཟུགས་བཟང་ལང་ཚོ་མི་ལྡན་པས།།
ཕྱོགས་ཀྱི་སྐྱེ་བོ་མཐའ་དག་གིས།།
མི་མ་ཡིན་གྱི་གྲོང་ཞེས་འབོད།།

རིང་དུ་འདས་པའི་ལོ་ཙ་ན།།
མཁའ་ལ་ཤར་བའི་ཟླ་དཀར་བཞིན།།
གྲོང་སྡེའི་མི་དག་མཚར་བྱེད་པའི།།
ཡ་མཚན་བུ་མོ་མཛེས་མ་བཙས།།

དེ་ཡི་ལང་ཚོ་གཟི་བྱིན་མེ་ཏོག་སྐྱེད་མའི་ཚལ་དེར་དགོད་པ་ན།།
སྔོན་སྐྱེས་ཚལ་གྱི་འཁྲི་ཤིང་འབྲས་བུ་བྱེད་པོ་མེད་པར་ས་རུ་ལྷུང་།།
མེ་ཏོག་ལྟོ་བར་མཆུ་མདུང་བསྣུན་ལ་གོམས་པའི་ར་ཡིག་གཉིས་པ་ཅན།།
སྦྲང་རྩི་ལེན་ལ་འཁྱུད་པ་དོར་ཏེ་ལྟ་བཞིན་ལྟ་བཞིན་ཕྱི་ཕྱིར་ལྡོག །

གང་ཡང་མཐོང་བར་མ་གྱུར་མིག་ལ་མཆོག་དང་ངན་པའི་དབྱེ་བ་ཅི།།
གང་ཞིག་མེད་པ་ཡོད་པར་གྱུར་ན་དེ་ལ་མཚར་བ་འཛིན་ཀྱང་རིགས།།
གང་གི་ལང་ཚོ་ལྟ་ན་སྡུག་པའི་སྔོན་མེད་ཟླ་བ་གསར་བ་ཡིས།།
གང་ན་གནས་པའི་སྐྱེ་བོའི་མཁའ་ལ་རྣམ་རྟོག་ཟེར་གྱི་ཟེགས་མ་སྤྲོས།།

བརྒྱད་གཉིས་ལང་ཚོ་འཁྲི་ཤིང་ལ་ནི་ཡིད་འོང་མེ་ཏོག་ལྷམ་མེར་བཞད།།
འཇིག་རྟེན་དགའ་བའི་འདོད་པའི་རོ་མཆོག་སེམས་ཀྱི་གང་བུ་ཁུར་གྱིས་ལྕི།།
འདོམས་འཇུག་བྱེད་ལ་རན་པའི་རླུང་གིས་ཆགས་པའི་དྲི་བསུང་སྣ་བར་འཕེན།།
ཨེ་མ་མཱུ་ངྷའི་ལུས་ཀྱི་ལྗོན་པ་གྲོང་གསེབ་ནགས་ཀྱི་ཚལ་ན་རྒྱས།།

གྲོང་གི་ཉེ་རིང་མེས་པོ་ཚོས།།
མཛེས་ཤིང་མཛེས་པའི་བུ་མོ་འདི།།
རང་སྡེ་གྲོང་དུ་གནས་པ་ན།།
བཀྲ་མི་ཤིས་པའི་མཚན་མ་འབྱུང་།།

དེ་བས་ཆུ་ལ་བསྐྱུར་བ་འམ།།
གསོན་དུར་ཡང་ན་མེ་ལ་བསྲེག །
གྲོང་གི་མེས་པོས་རང་རང་གི ། 
བསམ་ཚུལ་བརྗོད་པས་ལྕེ་ཡང་ངལ།།

ལ་ལས་ལང་ཀའི་སི་ཏཱ་བཞིན།།
ཆུ་ལ་བསྐྱུར་ན་འོས་ཞེས་སྨྲ།།
ལ་ལས་སྐེ་ལ་རྡོ་བཏགས་ཏེ།།
རྒྱ་མཚོའི་གཏིང་ལ་ཕོངས་ཞེས་སྐུལ།།

ཀྱེ་ཧུད་མཛེས་སྡུག་ལྡན་པའི་ལང་ཚོ་དེ་ནི་རང་ཉིད་ཉམས་པར་བྱེད་པ་སྟེ།།
འདབ་སྟོང་དགོད་པའི་སྐྱེད་མའི་ཚལ་གང་མཛེས་ཀྱང་གླང་ཆེན་སྨྱོན་པས་གཞོམ་པར་བྱེད།།
རིན་ཆེན་སྨན་གྱི་ཁྲག་དང་རིལ་བུ་འཛིན་པའི་ཤྭ་དང་གླ་བོ་དོམ་ལ་སོགས།།
རྔོན་པ་དག་གི་བོའུ་ཡི་ཁ་ན་ཡུན་རིང་འཚོ་བའི་སྐབས་ནི་མེད་དོ་ལོ།།

དེ་ཐོས་མཱུ་ངྷའི་དཔའ་བའི་སྙིང་།།
མདུན་ཐུང་རྣོན་པོ་བསྣུན་པ་བཞིན།།
སྐད་ཅིག་ཙམ་ཡང་བདེ་བ་ཡི།།
གོ་སྐབས་ནམ་ཡང་ཡོད་མ་གྱུར།།

རང་སྲོག་བཅད་ན་སྡིག་ཆེ་ཞིང་།།
གཞན་དུ་བྲོས་ན་ཐར་བར་དཀའ།།
ལྷ་ལ་གསོལ་བ་འདེབས་པ་ལས།།
སྐྱོབ་པ་པོ་ནི་ཡོད་མ་གྱུར།།

དེ་ཚེ་ཀུན་ལ་དབང་བསྒྱུར་ཅིང་།།
རྟ་དཀར་རྒྱལ་བོ་མཚན་སྙན་ཅན།།
གཞོན་ནུ་ལང་ཚོ་དར་བ་གང་།།
བཙུན་མོ་བཞེས་པའི་དུས་སུ་བསླེབས།།

ཡབ་ཆེན་གང་གི་དྲང་སྲོང་དག །
ཁྱིམ་གྱི་གདན་ལ་ཞབས་བསུས་ཏེ།།
སྲས་མཆོག་རྟ་དཀར་རྒྱལ་བོ་ཡི།།
བཙུན་མོ་སུ་ཞིག་འོས་ཞེས་དྲིས།།

དྲང་སྲོང་མིག་གི་ཉི་འོད་ནི།།
རྟ་དཀར་ཕྱག་གི་ཚལ་ལ་ཤར།།
ལག་མཐིལ་སྐྱེད་མའི་དོ་ར་རུ།།
མཱུ་ངྷའི་མིང་གི་པད་མ་འཛུམ།།

དེ་མཐོང་དྲང་སྲོང་རྣམས་ཀྱིས་ནི།།
ཤར་ཕྱོགས་གྲོང་གསེབ་ག་ལ་བར།།
མཱུ་ངྷའི་མིང་ཅན་མཛེས་མ་གང་།།
ཁབ་ཏུ་བཞེས་ན་འོས་སོ་གསུངས།།

འཁོར་ཚོགས་རྣ་བ་འོན་བྱེད་པའི།།
བཀའ་ལུང་ཡབ་ཀྱིས་བསྒྲགས་གཏམ་ནི།།
དྭངས་པའི་མཁའ་ལ་གློ་བུར་དུ།།
འབྲུག་སྟོང་དུས་གཅིག་ལྡིར་བ་འདྲ།།

ཡབ་ཆེན་བཀའ་མཆིད་མེ་ཏོག་ནི།།
བློན་པོའི་ཚོགས་ཀྱི་རྣ་རྒྱན་ཏེ།།
ལགས་སོ་ཞུས་པའི་དྲི་བསུང་གིས།།
རྟ་དཀར་སྦྲང་མ་མྱོས་པས་ཚིམས།།

རྟ་མཆོག་ཤིང་རྟ་འདྲེན་ལ་གསེར་དང་དངུལ།།
ཁྱུ་མཆོག་སྒལ་བར་དར་དང་དཱུ་ཀུ་ལ།།
གྱ་ནོམ་རྫས་དང་རྟ་དཀར་འཁོར་ཚོགས་བཅས།།
ཤར་གྱི་གྲོང་གསེབ་ག་ལ་བ་དེར་བཞུད།།

ཉིན་དང་མཚན་ལ་སོང་བས་ངལ་གྱུར་ས་སྲུང་རྣམས་ནི་ས་ལ་ཉལ།། 
རྟ་མཆོག་རྒོད་པོས་དྲུད་པའི་ཤིང་རྟའི་འཁོར་ལོ་དག་ཀྱང་ཆག་ལ་ཉེ།།
བློན་པོའི་འཁོར་དང་རྒྱལ་སྲས་ཀྱང་ནི་གཉིད་ཆག་ངལ་བས་འགྱེལ་བར་བྱེད།།
ནམ་ཞིག་ཤར་ཕྱོགས་ག་ལ་བ་དེར་འབྱོར་ལ་ཉི་མ་ཤིན་ཏུ་རིང་།།

འོན་ཀྱང་དཀའ་ཐུབ་བརྩོན་པ་ཡིས།།
གོམ་འགྲོས་འཁྱོར་ཞིང་བསྐྱོད་པའི་མཐར།།
མཱུ་ངྷའི་གྲོང་གི་ནམ་མཁའ་རུ།།
གཉེན་སློང་སྐར་ཚོགས་བཞིན་དུ་བཀྲ།།

གཉེན་སློང་རྟ་དཀར་རྒྱལ་བོའི་བློན།།
མགོ་དཀར་སེང་གེ་སྣ་ཅན་དེས།།
མཱུ་ངྷའི་ཡབ་ཀྱི་རྐང་བའི་རྡུལ།།
སྤྱི་བོ་མཛེས་པའི་རྒྱན་དུ་བླངས།།

ཀྱེ་ཀྱེ་མཱུ་ངྷའི་ཡབ་ཆེན་མཆོག །
ཉོན་དང་རྟ་དཀར་རྒྱལ་བོ་ཡི།།
ཞལ་གྱི་གཟུགས་བརྙན་འཛིན་པ་ནི།།
མཱུ་ངྷའི་མེ་ལོང་འོས་ཞེས་སྨྲས།།

ཡབ་གང་རྣ་བ་མཛེས་བྱེད་དུ།།
གཏམ་གྱི་མེ་ཏོག་ཨུཏྤལ་ཕྲེང་།།
བཞད་པས་རྒན་རབས་མེས་པོ་ཚོའི།།
རྣ་བ་དག་ཀྱང་མཛེས་པར་བྱས།།

འོན་ཀྱང་བུ་མོ་མཱུ་ངྷའི་ལས་དབང་ཆུ།།
དུག་དང་བ་ཚས་རྙོག་པར་གྱུར་བ་ཡིས།།
མི་དབང་རྟ་དཀར་དགའ་བའི་ཞིང་ས་རུ།།
འདྲེན་པར་མི་རིགས་ཡབ་དང་མེས་པོས་གླེང་།།

གང་དུ་མཚན་མ་ངན་པའི་རྟགས་མཆིས་ན།།
དེ་ཡང་བཟློག་པའི་ཐབས་ཀྱང་མང་བ་སྟེ།།
མངོན་ཤེས་ལྡན་པའི་དྲང་སྲོང་དག་ལ་ནི།།
ལུང་བསྟན་ཞུ་འོས་ཕ་མ་གཉིས་ཀ་མཐུན།།

གྲོང་གསེབ་དེ་ལས་རྒྱང་ཐག་མི་རིང་བར།།
ཏིང་འཛིན་བསྟི་གནས་ཞེས་པར་འབོད་པ་ཡི།།
ནགས་ཚལ་སྟུག་པོ་དེ་ཡི་དགའ་ཚལ་དུ།།
གནས་བཅོས་དྲང་སྲོང་ཆེན་མོའི་ཚོགས་ལ་དྲིས།།

ལས་ཀྱི་མེ་ལོང་གཟིགས་པའི་དྲང་སྲོང་ཚོས།།
མཱུ་ངྷའི་ལག་རིས་འཁྱོག་པའི་མཚན་མ་ལས།།
དང་བོར་ཁྱི་ཞིག་གཉེན་དུ་སྦྲེལ་བའི་རྗེས།། 
སྐྱེ་བོ་སུ་ཡི་བདག་མོར་གྱུར་ལ་རུང་།།

འདི་ལྟར་བགྱིས་པས་བར་ཆད་བཟློག་པ་དང་།།
དཀར་ཕྱོགས་དགེ་བའི་ལེགས་ཚོགས་འཕེལ་འགྱུར་ལ།།
ཚེ་དང་བསོད་ནམས་སྟོབས་ཀྱང་སྨིན་པ་ཡིས།།
འདི་ཕྱི་ཀུན་ཏུ་བཀྲ་ཤིས་འབྱུང་ཞེས་གསུངས།།

ཀྱེ་ཧུད་མཱུ་ངྷའི་ལས་ཀྱི་སྨྱུག་མའི་ཤིང་།།
མུ་སྟེགས་དྲང་སྲོང་དག་གིས་གཞུ་རུ་བཀུགས།།
རིགས་ལས་མཐོ་བ་མི་ཡི་ལུས་རྟེན་མདའ།།
ཆེས་དམན་སྤང་ཁྱི་འབེན་ལ་འཕེན་དགོས་བྱུང་།།

གཏམ་དེ་ཐོས་པས་མཱུ་ངྷ་དང་།།
རྟ་དཀར་རྒྱལ་བོ་ཕན་ཚུན་དུ།།
རྨི་ལམ་ནང་གི་འདོད་པ་ལས།།
མངོན་སུམ་ཐོབ་པ་ཡོད་མ་གྱུར།།

མཱུ་ངྷའི་མཚན་མ་མེ་ཏོག་གསར་བཞད་མི་ཡི་སྦྲང་མར་མ་རུང་ཡང་།།
འདོམས་ཀྱི་ཁ་སྒོ་ཤ་དམར་ཅན་དེ་སྤང་ཁྱི་དག་ལ་ཤིན་ཏུ་ཞིམ།།
དུག་དང་ལྡན་པའི་བཏུང་བ་གང་ཞིག་མི་ཡི་ཟས་སུ་རུང་མིན་མོད།།
གཙུག་ཕུད་ལྡན་པའི་རྨ་བྱ་དག་ལ་དུག་ལྡན་ཁོ་ན་ཟས་ཀྱི་མཆོག །

མཱུ་ངྷའི་ལས་དབང་ཟླ་དཀར་ནི།།
མུ་སྟེགས་དྲང་སྲོང་གཟའ་ཡིས་ཟོས།།
རྟ་དཀར་རྒྱལ་བོར་མུན་པ་དང་།།
སྤང་ཁྱི་ཡུལ་ལ་ཉི་མས་འཁྱུད།།

གང་ཞིག་ཉིན་འགའ་འདས་པ་ན།།
མཱུ་ངྷས་འཚོལ་བའི་བདག་པོ་ནི།།
ཁྱི་ལས་མི་ལ་མེད་དོ་ཞེས།།
གཏམ་དེ་ཁྱི་རྒན་དག་གིས་ཐོས།།

ཁྱི་ཡི་གྲོང་ན་ཁྱི་ཡི་རྒྱལ་བོ་སྟེ།།
སེངྒེའི་སྣ་ཅན་སྡེར་མོ་རྣོ་བ་ཅན།།
མིག་རྩ་དམར་ཞིང་སྤུ་མདོག་སེར་བ་ཡི།།
མདོག་ལྡན་དེ་ཡིས་ཁྱི་ཡི་འཁོར་ལ་དྲིས།།

བདེན་ནོ་ཁྱི་ཡི་བསོད་ནམས་ནི།།
དལ་འབྱོར་བ་དང་མཉམ་པ་ཉིད།།
ཁྱི་ཡི་ས་སྲུང་ཁྱོད་ལ་ནི།།
མཱུ་ངྷ་ཁོ་ན་འོས་སོ་ཞུས།།

གཏམ་དེ་ཐོས་པ་འགའ་ཞིག་ལ།།
རྣ་བར་ཨུཏྤལ་ཉིད་དུ་མཛེས།།
ཅིག་ཤོས་དེ་ལས་ལྡོག་པ་སྟེ།།
སྙིང་ལ་མདུང་ཐུང་བསྣུན་པ་འདྲ།།

སྤང་ཁྱི་དག་ལ་དགའ་གྱུར་དེས།།
ཁྱི་མོའི་ཚོགས་ལ་མྱ་ངན་བྱིན།།
ལྷན་ཅིག་རྒྱལ་བོ་རྟ་དཀར་དང་།།
བུ་མོ་མཱུ་ངྷ་གདུང་བས་བཅོམ།།

ཁྱི་ཡི་རྒྱལ་བོ་སེང་གེ་རྣ་ཅན་དེར།།
ཁྱི་མོའི་ཚོགས་ན་ནགས་ཀྱི་སྟག་མོ་བཞིན།།
སྡིག་རྩུབ་ཆེ་ཞིང་སྤུ་ཕྲེང་དམར་བོའི་མདོག །
ལྡན་པའི་བཙུན་མོ་ཡོད་པ་དེ་ཡིས་ཐོས།།

ཀྭ་ཡེ་ཁྱི་རྒྱལ་བདག་གི་བདག་པོ་ཀྱེ།།
ཁྱི་ཡི་སྲིད་ལུགས་དར་ཞིང་རྒྱས་པ་དང་།།
ང་ཡི་ལང་ཚོར་ཆགས་པ་འདོར་བྱེད་ན།།
ཁྱི་ཡི་གྲོང་ཁྱེར་སྐད་ཅིག་བདག་གིས་གཞོམ།།

དེ་ལྟར་ཤིན་ཏུ་ཁྲོ་བའི་ཁ་ནང་ནས།།
ལྕེ་ཡི་གློག་དམར་འཁྱུག་ཅིང་སྤུ་རྩེ་རུ།།
མེ་སྟག་ཕྲོམ་ཕྲོམ་མཆེད་པའི་འཇིགས་བསྟན་པས།།
ཁྱི་རྒྱལ་སེང་གེ་སྣ་ཅན་ཞུམ་པར་གྱུར།།

ཟླ་བའི་དཀྱིལ་འཁོར་མུན་པས་བསྒྲིབས་པས་ན།།
མཐའ་འཁོར་སྐར་མའི་ཚོགས་ལ་འོད་ནི་ཅི།།
ཁྱི་རྒན་རྒྱལ་བོ་བཙུན་མོས་བཅུན་ཟིན་པས།།
ཁྱི་ཡི་འཁོར་ན་སུ་ཞིག་སྙིང་དང་ལྡན།།

ད་ནི་ཁྱི་ཡི་གྲོང་ཁྱེར་ན།།
མཱུ་ངྷ་གླེང་བ་མེད་པར་གྱུར།།
ཁྱི་ཡི་འཁོར་དུ་མ་འཚུད་པའི།།
སྤང་ཁྱི་གཞན་ཞིག་ཡོད་ཀྱང་སྲིད།།

མཱུ་ངྷའི་ཁྱིམ་གྱི་མི་རིང་བར།།
ཁྱི་ཡི་གྲོང་གི་ཁྱི་མིན་ལ།།
མི་ཡི་སྒོ་ཁྱིར་མ་བཟུང་བའི།།
ཕྱོགས་ཡོང་སྤང་ཁྱི་གཞན་ཞིག་ཐོན།།

ཨེ་མ་ཁྱི་ཡི་ནང་དུ་མི་ཡི་བསོད་ནམས་ཅན།།
སུས་ཀྱང་བདག་པོར་མ་བཟུང་སྤང་ཁྱི་སེར་ལོག་དེ།།
མཱུ་ངྷའི་ཡབ་མོས་དྲང་སྲོང་རྣམས་ཀྱིས་མེ་ཏོག་གིས །
མཆོད་ཅིང་མཱུ་ངྷའི་ལས་དབང་བཟློག་པའི་ཁྱོ་བོར་བསུས།།

མཱུ་ངྷའི་ལས་ཀྱི་ཟླ་བའི་དཀྱིལ་འཁོར་རུ།།
སྤང་ཁྱི་སེར་ལོག་གཟུགས་ཀྱིས་སྦག་བྱས་པས།།
རི་བོང་གཟུགས་ཀྱིས་བརྒྱན་པའི་ཟླ་བ་ནི།།
ཡངས་པའི་མཁའ་རུ་རྒྱུ་ལ་སྐྱེངས་པར་གྱུར།།

དེ་ལྟ་མོད་ཀྱང་མཱུ་ངྷ་དང་།།
སྤང་ཁྱི་སེར་ལོག་གཉེན་སྟོན་ནི།།
བས་མཐའི་གྲོང་ལས་བརྒལ་གྱུར་ཏེ།།
ཕྱོགས་བཞི་གླིང་དུ་གྲགས་པར་གྱུར།།

དྲང་སྲོང་རྣམས་ཀྱིས་ཁྱོར་ཆུ་དང་།།
ཡབ་མོས་དག་གིས་མེ་ཏོག་གི །
འདབ་མ་སྟོར་ཏེ་མཱུ་ངྷ་དང་།།
སྤང་ཁྱི་གཉེན་སྟོན་རྒྱ་ཆེར་བྱས།།

མཱུ་ངྷ་སྐྱོ་བའི་ཉི་མ་དང་།།
སྤང་ཁྱི་དགའ་བའི་ཟླ་བ་ནི།།
ལྷན་ཅིག་ནུབ་དང་འཆར་བ་ཡིས།།
མི་ཡི་འཇིག་རྟེན་མཚན་མོར་བྱས།།

བུད་མོ་མཱུ་ངྷའི་ལས་དབང་རྒྱ་མཚོ་ནི།།
རྣམ་རྟོག་རླུང་གིས་གཡོ་ཞིང་འཕྱུར་བར་བྱས།།
ནམ་ཞིག་རྟ་དཀར་རྒྱལ་བོ་ཉི་མ་ཆེ།།
ཤར་ཞིང་རེ་བའི་འདབ་སྟོང་དགོད་མིན་ལོ།།

མཱུ་ངྷའི་ལས་དབང་བསྒྱུར་བའི་ཁ་ལོ་བ།།
ཁྱི་ལས་མེད་པར་བརྗོད་པའི་དྲང་སྲོང་རྣམས།།
ཤི་ནས་སྐྱེས་པ་ཁྱི་མོ་དག་དང་ལྷན།།
མཐའ་འཁོབ་ནགས་ཀྱི་ཚལ་དུ་སྐྱེ་བར་ཤོག །

མཱུ་ངྷའི་བར་ཆད་ཁྱི་ཡིས་བཟློག་གྱུར་ཏེ།།
རྨི་ལམ་ནང་གི་རྟ་དཀར་རྒྱལ་བོ་འམ།།
སྐྱེ་བོ་སུ་ཞིག་སླར་ཡང་གཉེན་སྦྲེལ་ནས།།
སྡེ་བཞིའི་ལོངས་སྤྱོད་འཕེལ་བའི་བཀྲ་ཤིས་ཤོག །

འདི་ལྟར་དངོས་བྱུང་དོན་གྱི་ལུས་པོ་ལ།།
སྙན་ངག་མཁན་པོས་རྫུན་གྱི་རྒྱན་བཀོད་དེ།།
མཛེས་ཤིང་ཡིད་འོང་ལྟ་ན་སྡུག་པའི་གཟུགས།།
ཆགས་ལྡན་སྐྱེ་བོ་དག་གི་མིག་ལ་བསྲིངས།།

མ་བྱུང་བྱུང་བར་བརྗོད་པའི་སྒྲོ་བཏགས་དང་།།
ཇི་བཞིན་མ་བྱས་འུར་གྱིས་སྤེལ་བ་སོགས།།
ཆད་དང་ལྷག་པ་འགལ་བ་ཅི་མཆིས་པ།།
ལག་ཟུང་སྙིང་ཁར་བཀོད་དེ་བཟོད་གསོལ་ཞུ།།
༡༤/༡༠/༢༩ ཉིན་རྫོགས་པར་བྱས། 


Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།