འཇིག་རྟེན་འཁོར་བ་མི་སྐྱིད་གི

02/07/2011 00:08

ཕ་མའི་དྲུང་གི་བྱིས་པ་ཡིན་དུས།།

མི་ལུས་ཐོབ་པར་དགའ་བ་སྐྱེས་སོང་།།

དགའ་རོགས་ཤིག་ལ་ཐོག་མར་ཐུག་དུས།།

འཇིག་རྟེན་འཁོར་བ་སྐྱིད་པ་འདོད་བྱུང་།།


རང་ཉིད་བུ་ཡི་ཕ་རུ་གྱུར་ཚེ།།
མི་ཡི་སྐྱེས་པ་བུ་ལོན་རེད་བསམས།།
ཁྱིམ་གཞི་ཞིག་གི་ཀ་བ་ཆགས་ཚེ།།
འཇིག་རྟེན་འཁོར་བ་ཁུར་བོ་རེད་འདུག །

དཀའ་སྡུག་རླུང་གིས་འཁོར་ལོ་བསྐོར་ཀྱང་།།
འཇིག་རྟེན་འཁོར་བ་འཁོར་རྒྱུ་མི་འདུག །
བྲེལ་བའི་རྐང་པ་མགྱོགས་ཀྱིས་སྤོས་ཀྱང་།།
འཁོར་བའི་ཕ་མཐའ་ཇེ་རིང་ཇེ་རིང་།།

ཤིན་ཏུ་གཏིང་རིང་འཁོར་བའི་འཇིག་རྟེན།།
ཉིན་ནས་ཉིན་རེར་ཟབ་ཏུ་ཆས་པས།།
རྒྱ་ཆེན་འཁོར་བའི་ཐེམ་སྐེས་ལ་བསྟེན།།
མཐོ་རིས་བགྲོད་པའི་ལམ་ཞིག་རྙེད་དམ།།

འཁོར་བའི་འཆིངས་ཞགས་དུམ་གྱིས་བཅད་ནས།།
མཐོ་རིས་ལམ་དུ་བྲོས་ན་འདོད་ཀྱང་།།
ཐག་སྣེ་བུ་དང་ཆུང་མར་སྦྲེལ་པས།།
ལག་མགོར་མ་དཀྲིས་ཐབས་ཤེས་ཅི་ཡོད།།

དབེན་པའི་གནས་བཟང་བརྟེན་པའི་བན་ཆུང་།།
འཁོར་བའི་ཟང་ཟིང་སྐྱིད་དོ་མ་སྙམ།།
ཕྲེང་བ་བརྒྱ་རུ་བགྲེང་བའི་མ་ཎི།།
འཁོར་བའི་གྲོང་ནས་འདོན་ཁོམ་མི་འདུག །

ཁ་སང་མཆོད་པའི་ཚོགས་སུ་ཡོད་དུས།།
དཀྱིལ་ཀྲུང་བྱས་ནས་སྡོད་ལ་དཀའ་ཡང་།།
དེ་རིང་འཁོར་བའི་ནང་རྫོང་འདི་རུ།།
གཏིང་རིང་དོང་ཞིག་བརྐོ་དགོས་ཐུག་སོང་།།

ཁ་འདི་རི་ཆེན་ལུང་ཁོག་འདྲ་བས།།
ཅི་ཙམ་རྒྱང་ཡང་འགེང་བ་མི་འདུག །
རྒྱབ་འདི་མཐའ་མེད་ཐང་ཆེན་བཞིན་དུ།།
ལྭ་བ་གོས་ཀྱིས་འདང་བ་མི་འདུག །

མེད་དང་མ་འདངས་མུ་གེའི་སྐྱོ་གླུ།།
འཁོར་བའི་གྲོང་ནས་ལེན་དགོས་བྱུང་སོང་།།
ཁ་རྒྱབ་དོན་དུ་རྐང་ལག་བཞི་ཡིས།།
མི་སྡུག་ཟློས་གར་འཁྲབ་དགོས་ཐུག་སོང་།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།