འཕྲིན་ཡིག་ཆང་ཁའི་གཏམ།

01/07/2011 23:57

ཁ་དོག་བྲལ་བའི་ས་མཐའི་ཡུལ་ནས།།

བྲོ་བ་མེད་པའི་འཚོ་བའི་ཁྲོད་ནས།།
ཁེར་རྐྱང་ཤུགས་རིང་མང་བའི་བར་ནས།།
གྲོགས་ཁྱོད་གནས་སྐབས་བདེ་མོ་ཡིན་ནམ།།

དེ་རིང་འདི་ནས་མཐོང་རྒྱ་ཡངས་པའི།།
ཁྱོད་ཀྱིས་མ་ཐོས་གཏམ་ཞིག་མེད་ཀྱང་།།
ལས་ངན་སེམས་ཀྱིས་མྱོང་བ་མང་བའི།།
ཉམས་མྱོང་ཚིག་གསུམ་འཕྲིན་དུ་བསྐུར་ཡོད།།

བདག་ནི་ས་མཐའི་བྱེ་མའི་ཀློང་ནས།།
ཨ་ཐང་ཆད་པའི་རྐང་པའི་འདེགས་འཇོག །
བསོད་ནམས་ལུས་སྟོབས་ཞན་པས་མ་འཁྱོག །
ནམ་ཡང་སྐྱོ་བ་རླུང་ལ་བསྐུར་ཡོད།།

ཁྱེད་ནི་བདག་དང་འདྲ་བ་མེད་པས།།
སྒྱུ་མའི་ལམ་ཞིག་ཐུགས་ལ་བཟུང་ཡོད།།
ཁྲ་ཆུང་མིག་གིས་ཡར་ལ་བལྟས་ན།།
འཚེར་བའི་ལམ་ཞིག་ཁྱོད་ལ་ཡོད་སྐད།།

འོན་ཀྱང་སྒྱུ་མའི་ལམ་འཕྲེང་སྙེགས་དུས།།
སྟག་རྒོད་འདྲ་བའི་མཆེ་བ་གཙིགས་དགོས།།
སེང་གེ་ལྟར་དུ་སྡེར་མོ་རྣོ་དགོས།།
ཝ་མོའི་རྔ་མ་གཡུག་པས་མི་ཕན།།

ས་མཐའི་ལམ་ལ་རྐང་པ་བཞག་ན།།
རྐང་སྣེ་རྡོ་ལ་ཐོག་ཁ་སླ་བས།།
རང་གི་མགོ་བོ་གྱེན་དུ་དགྱེ་ནས།།
རང་གི་རྐང་པ་རང་གི་འདེགས་དགོས།།

རང་གི་མི་ཞིག་འགྲམ་ནས་མེད་ན།།
གཞན་གྱི་ཡུལ་འདི་ཐང་སྟོང་འདྲ་བས།།
ཁྱོད་ཀྱིས་སྐྱིད་སྡུག་ཀི་རིང་བཏབ་ཀྱང་།།
ཐོས་པའི་ཡ་ལན་སུས་ཀྱང་མི་སྟེར།།

རང་ཉིད་རང་གི་མགོན་དུ་བསྟེན་ནས།།
རང་སེམས་སྐྱོ་སྡུག་རང་གིས་ཞི་དགོས།།
རང་གི་སྙིང་ལ་ཐེམ་སྐེ་ཡོད་ན།།
རང་ཉིད་འགྲོ་སའི་ལམ་ཞིག་བཞག་ཡོད།།

ལག་པའི་ནང་ལ་ལག་པ་བཞག་ནས།།
འགྲམ་ལ་འཁོར་བའི་སྐྱག་སྦྲང་མང་ཡང་།།
སེམས་པའི་ནང་ལ་སེམས་པ་བཞག་ནས།།
ཤ་ཚའི་མེ་ཏོག་ཉེ་སར་མི་སྐྱེས།།

སྒྲོན་མེ་རྩེ་ཡི་འོད་སྣང་ཆུང་ཡང་།།
མུན་པའི་ནང་དུ་གསལ་བར་འགྱུར་བས།།
སྟག་ཤར་གཞོན་པའི་སྙིང་གི་སྤོབས་པ།།
ས་མཐའི་ཡུལ་ལ་ལྷུང་ན་སྐྱེས་དགོས།།

ནམ་ཡང་རང་ཉིད་ཆུང་སར་བཟུང་ནས།།
གཞན་གྱི་མདུན་ནས་སྒུར་སྒུར་མ་བྱེད།།
བླ་མའི་དྲུང་གི་གུས་ཞབས་ཚ་བོ།།
དེང་སང་སྤྱི་ཚོགས་འདི་ལ་མི་འགྲོ །

རི་རབ་རྩེ་མོ་ཡིན་ཡང་ཟ་འདོད།།
རྒྱ་མཚོ་ཆུ་བོ་མ་ལུས་འཐུང་འདོད།།
རྨི་ལམ་འདྲ་བའི་ཧམ་སེམས་མེད་ན།།
དེང་སང་མི་ཡི་མདུན་ལ་མི་སླེབས།།

འདི་ནི་བདག་གི་ཉམས་མྱོང་ཞིག་ལས།།
སྙན་ངག་མཁན་གྱི་རྟོག་བཟོ་མིན་པས།།
རང་གི་རང་ལ་འདང་ཞིག་རྒྱག་ན།།
སྐད་ཆ་འདི་དག་སེམས་ལ་གཉེར་རོགས།།

དེ་རིང་ཆང་ཞིག་འཐུང་ནས་བཟི་ཡོད།།
གྲོགས་ཁྱོད་དྲན་ནས་འཕྲིན་ཞིག་བསྐུར་ཡོད།།
འཕྲིན་པའི་ནང་དུ་བསླབ་བྱ་མེད་ན།།
རྨི་ལམ་ནང་གི་གཏམ་ལ་བརྩི་ལ་ཆོག །

ཕན་པའི་སྐད་ཆ་རེ་གཉིས་ཡོད་ན།།
གྲོགས་ཀྱིས་ཕན་པའི་ལན་ཞིག་ཤོག་དང་།།
ཆང་ཞིག་འཐུང་ནས་ར་ཡིས་བཟི་ན།།
སྐད་ཆ་འདི་འདྲ་ད་རུང་བཤད་ཆོག །

༢༦/༠༢/༡༡ མཚན་མོར་བྲིས།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།