རྒྱང་རིང་གི་ཆུང་མ།

01/07/2011 23:55

རྒྱུས་མེད་མི་ཡུལ་ས་མཐའ་ཞིག་ནས།།

སེམས་པ་རྒྱུས་མེད་འཚོ་བའི་བར་ནས།།
དཀའ་སྡུག་ཅིག་གི་སྣེ་མོར་འཇུས་ནས།།
ཁྱེད་ནི་བདག་གི་བདག་མོར་གྱུར་སོང་།།

ལོ་ངོ་བཅོ་བརྒྱད་ཡར་སྔོན་ཞིག་ལ།།
ཁྱོད་ནི་བུ་མོ་གཞོན་ནུ་མ་ཞིག །
བདག་ཀྱང་སྟག་ཤར་གཞོན་ནུ་ཞིག་སྟེ།།
ཕོ་རྒོད་ཅིག་གི་རང་ཚུགས་ངོམས་ཡོད།།

ཁྱིམ་ཚང་ཞིག་གི་ཐབ་ཀའི་འགྲམ་ནས།།
ངན་ངོན་འཚོ་བའི་བར་ཁུག་ཅིག་ནས།།
དཀའ་སྡུག་ཅིག་གི་རྐུབ་སྟེགས་སྟེང་ནས།།
ད་ནི་ངེད་གཉིས་ཅི་འདྲའི་རྒས་འདུག །

བསྟེན་ས་མེད་པའི་ཡུལ་མཐའ་ཞིག་ནས།།
ངེད་གཉིས་གཅིག་ལ་གཅིག་བསྟེན་བྱས་ནས།།
དཀའ་སྡུག་འཚོ་བའི་ཕྲེང་ལམ་རིང་མོ།།
སྡུག་རུས་ཆེ་བའི་རྐང་པས་བརྫིས་ཡོད།།

མཉམ་གཤིབ་རྐང་པའི་རྩ་བ་བརྟན་པས།།
འཚོ་བའི་མགོ་བོ་ཐུར་དུ་མ་དཔྱངས།།
ལྷད་མེད་བརྩེ་བའི་འོ་མ་དཀར་བས།།
བུ་གསུམ་སྐྱེས་པའི་མར་ལོ་འཁྲུངས་ཡོད།།

དེ་རིང་བདག་ནི་རྒྱང་ན་ཡོད་པས།།
བརྩེ་ལྡན་མ་ཁྱོད་ཤིན་ཏུ་དྲན་སོང་།།
དྲན་པའི་སེམས་པ་ཁོག་ལ་མ་ཤོང་།།
དྭངས་གཙང་ཤོག་ངོས་འདི་ལ་སྐྱུགས་སོང་།།

རྡ་སའི་རི་ངོགས་ཆུང་ཆུང་དེ་རུ།།
ཤྭ་བོ་བོར་བའི་ཡུ་མོ་བཞིན་དུ།།
དྲན་པའི་གཞུ་མོ་ནང་ལ་བཀུགས་ནས།།
བུ་ཕྲུག་གསུམ་གྱི་མཐའ་ནས་བདེ་སམ།།

ཞོགས་པར་སྔ་མོ་ཡར་ལངས་བྱས་ནས།།
བུ་ཕྲུག་གསུམ་པོ་སློབ་གྲྭར་བསྐྱེལ་དགོས།།
ཉིན་མོར་ཟ་ཁང་ཟས་ལས་བྱས་ནས།།
དཀའ་ལས་མ་ཁག་བདེ་མོ་ཡིན་ནམ།།

ཨ་ཕ་མེད་ན་བུ་ཕྲུག་གསུམ་པོས།།
ཨ་མའི་ཁ་ལེན་ཚིག་བརྩི་ཨེ་བྱེད།།
ཅ་དངོས་འདི་ཉོས་གན་ཉོས་ཟེར་ནས།།
ཨ་མ་ཁྱེད་ལ་སུན་པོ་བཟོས་སམ།།

ཁ་སྔོན་ཡོབ་སྒོར་སུམ་བརྒྱ་བསྐུར་བ།།
ཟླ་བ་གཅིག་གི་འཚོ་བ་ཨེ་འགྲིག །
འདང་ལ་མ་འདང་སེར་སྣ་མ་བྱེད།།
རྗེས་མ་སུམ་བརྒྱ་ཁ་སྣོན་བྱེད་ཆོག །

ཁྱིམ་གྱི་ཕུག་ན་བདག་པོ་མེད་ན།།
ཁྱིམ་གྱི་བདག་མོ་བདག་མེད་གྱུར་བས།།
མན་ལོར་སྲང་གི་ཟ་ལེ་རྒྱ་ཚོས།།
རྒྱ་སྒོ་བརྡུངས་ནས་ཉལ་དུ་འཇུག་གམ།།

ཁོ་བོ་འདི་ནས་ཁེར་རྐྱང་བསྡད་ན།།
བུ་མོ་ཞིག་གི་དགོས་མཁོ་ཆེ་ཡང་།།
བཟའ་ཚང་རྙིང་པ་ཞེ་འདང་ཟབ་པས།།
ཁྱེད་ཀྱི་མིང་ལ་ནག་ཐིག་བཀོད་མེད།།

རྒྱ་གར་བྷ་བྷོ་འདོད་ཆགས་ཆེ་བས།།
རྡེ་རྡེ་ཟེར་ཡང་ཁ་ལ་མ་ཉན།།
ཨ་མདོ་ཡོད་ཚད་ཡོང་གི་མ་འཇུག །
ཨ་མདོ་བ་ལ་ཨོང་འདོང་མེད་སྐད།།

ཁྱོད་ཀྱི་ཕ་ཡུལ་གཅིག་པ་ཟེར་ནས།།
ཁམས་པ་ཡོད་ཚད་ཁ་ཡ་མ་བྱེད།།
དེ་ཚོའི་སེམས་ན་གྲི་མདུང་ཡོད་པས།།
ཁྱོད་ཀྱི་བརླ་བར་མདུང་ཞིག་ཚད་ཡོད།།

བདག་གི་སློབ་མ་ཡིན་ཟེར་མང་ཡང་།།
ཁྱེད་ལ་འབྲེལ་བ་ཅི་ཡང་མེད་པས།།
ཇ་ཐུན་གཅིག་གི་སྣེ་ལེན་མི་དགོས།།
ལྷ་སའི་མི་ཡི་སེམས་པ་རྣག་ཡིན།།

མདོར་ན་མགོ་ནག་མི་ཡི་ཡོད་ཚད།།
མི་གཟུགས་ཙམ་ལས་འདྲེ་རྒོད་རྐྱང་རྐྱང་།།
རང་གི་ལས་དབང་ཡིད་ཆེས་མ་གཏོགས།།
སུ་དང་གང་ལ་བློ་སེམས་མ་དཀར།།

ཁྱོད་ནི་བདག་གི་ཡ་ཆུང་སེམས་ཡིན།།
ཚེ་གཅིག་སེམས་པ་ཁྱེད་ལ་དཀར་ཡོད།།
ང་ནི་ཁྱེད་ཀྱི་སྙིང་གི་ཚིལ་ཡིན།།
ཚིལ་ལོ་མེ་ལ་མ་བསྲེགས་སྙིང་སྡུག །

མདོར་ན་སྐྱེ་བ་གཅིག་གི་བཟའ་ཚང་།།
ནམ་ཡང་ཐུགས་ལ་ཟུངས་ནས་སྡོད་དང་། 
ཚེ་མཇུག་འཚོ་བའི་བདེ་སྐྱིད་ཡོད་ན།།
བདག་གི་ལག་པའི་མཐིལ་ནས་ཁྱོད་སྟེར།།

དེ་རིང་དུས་ཚོད་འདི་ལས་མེད་པས།།
སེམས་ཀྱི་ཡོད་ཚད་བཤད་ལས་མ་ཚར།།
སང་ཉིན་ཁ་པར་ཁ་སྒོ་ཕྱེས་དང་།།
སྙིང་གི་སེམས་གཏམ་ཡོད་ཚད་བཤད་ཆོག །

བརྒྱ་བཤད་སྟོང་བཤད་ཚིག་གི་མདོ་རྩ།།
རང་གི་ལུས་ཕུང་བདག་གཅེས་མཛོད་ཅིག །
སྟོང་དཀྲིགས་འོ་མ་འཕྱུར་བའི་མར་ལོ།།
བུ་ཕྲུག་གསུམ་པོར་བོད་ཡིག་འཁྲིད་རོགས།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།