རྩམ་པ།

01/07/2011 23:54

གཤིན་པོའི་ཞིང་ནས་དང་པོ་སྐྱེས་པའི་དུས།།

སྔོ་ལྗང་ལྡན་པའི་མྱུ་གུ་ཆུང་ཆུང་ཞིག །
བར་དུ་སྨིན་པའི་འབྲས་བུ་དུད་པའི་དུས།།
ཁྱོད་ཀྱི་མིང་ལ་སྣེ་འབྲུ་སྔོན་མོ་ཟེར།།

སྙེ་མ་རེ་རེ་སྟེང་གི་སྣེ་འབྲུ་རེ།།
ཕོར་བ་རེ་རེ་ནང་གི་ནོར་བུ་སྟེ།།
གངས་ཅན་མི་ཡི་ཟས་སུ་གྱུར་ནས་བཟུང་།།
ཁྱོད་ཀྱི་མིང་ལ་སྦྲང་དཀར་རྩམ་པ་བཏགས།།

ཁྱོད་ཀྱི་ལང་ཚོ་མེ་ལ་བསྒྲོན་པ་དང་།།
ཁྱོད་ཀྱི་ཚེ་སྲོག་རྡོ་ཡིས་འཐག་ན་ཡང་།།
ཁྱོད་ནི་ནམ་ཡང་ཤི་བར་མི་འགྱུར་བར།།
སླར་ཡང་སྟོབས་རྒྱས་མི་ཡི་ཚེ་སྲོག་བསྐྱེད།།

ཨ་མར་བུ་ཞིག་སྐྱེས་པའི་ཐོག་མ་ཉིད།།
ཟས་ཀྱི་དང་པོ་སྦྲང་དཀར་རྩམ་པ་སྟེར།།
བུ་ཡི་ཕ་ལོ་སུ་ཞིག་འདས་ཁ་ཡང་།།
ཁྱོད་ནི་ཁམ་གང་ཟོས་ནས་ཕྱི་མར་འགྲོ།།

ཁྱོད་ནི་གངས་ཅན་པ་ཡི་ཁ་ཟས་ཙམ།།
མ་ཡིན་མཐོ་སྒང་བོད་པའི་རླུང་རྟ་དང་།།
གདོང་དམར་མི་ཡི་སྲོག་གི་རྩ་བ་སྟེ།།
ཁྱོད་ནི་མེད་ན་བོད་ཀྱང་མེད་པར་འགྱུར།།

ལྟོས་དང་སུ་ཞིག་དགྲ་ལས་རྒྱལ་གྱུར་ན།།
རྩམ་པ་ཟོས་བའི་བུ་ཞིག་ཡིན་ཞེས་ཁེངས།།
ཕམ་ན་རྩམ་པའི་དྲི་ཙམ་མི་བྲོ་ཞེས།།
སྐྱག་གཟན་མིང་གིས་རང་གཞན་གཉིས་ཀྱིས་དམོད།།

ཁྱོད་ཀྱི་གསེབ་ན་མི་ཡི་གསོན་ཤུགས་ཡོད།།
ཁྱོད་ཀྱི་ནང་ན་རིགས་ཀྱི་ལ་རྒྱ་ཡོད།།
ཁྱོད་ཀྱི་སྟེང་ན་ཁ་བའི་རླུང་རྟ་ཡོད།།
ཁྱོད་ཀྱི་ངོས་ན་དཔའ་བོའི་རྒྱང་འབོད་ཡོད།།

བདག་ཅག་རྩམ་གཟན་གཅིག་པ་ཡིན་ནོ་ཞེས།།
ཆོལ་ཁ་གསུམ་གྱི་ལག་རྡང་ཁྱོད་ཀྱིས་སྦྲེལ།།
རྩ་པ་ཟོས་པའི་བུ་ཞིག་ང་ཡིན་ཞེས།།
དཔའ་བོའི་སྙིང་གི་རུས་པ་ཁྱོད་ཀྱིས་བཙུགས།།

མཐོ་བ་མཆོད་ཁྲི་སྟེང་གི་མཆོད་རྫས་དང་།།
དམའ་བ་ཐབ་ཀའི་འགྲམ་གྱི་ཟས་མཆོག་ཁྱོད།།
བསྐལ་བ་ཡར་སྔོན་ཞིག་ནས་དེ་རིང་བར།།
སྒང་བ་བོད་པ་ཚང་གི་ཅི་ཡང་ཡིན།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།