ས་མཐའི་སྐྱོ་གླུ།

01/07/2011 23:48

དེ་རིང་ཕྱི་ཡི་གནམ་ཟླ་དྲོད་ཅིང་སྐྱིད།།

ཁྱིམ་གྱི་གློག་ཐབ་སྔར་བཞིན་ཚ་ལམ་ལམ།།
ཕྱི་ནང་གཉིས་ཀ་དྲོ་བས་མི་འཁྱག་མོད།།
བདག་གི་སེམས་པ་གྲང་ནས་འདར་སིག་སིག །

རྒྱང་རིང་ཨ་མའི་བྱམས་བརྩེ་སྙིང་ལ་འཁྱིལ།།
ཆུང་དུས་རྩེད་ར་ཆུང་ཆུང་སེམས་ལ་དྲན།།
ཕུ་ནུ་མིང་སྲིང་དགོད་སྒྲ་རྣ་ལ་འཁོར།།
སྐྱིད་པའི་ཁོར་ཡུག་དག་ཀྱང་མིག་ལ་ཤར།།

མི་ཚེ་གོམ་པ་དང་པོ་སྤོ་བའི་ས།།
མི་ཟས་ཐོག་མ་ཟ་ས་རང་གི་ཡུལ།།
རང་ས་དྲིན་མོ་ཆེ་ཡི་དྲིན་ལན་འདི།།
རྒྱང་རིང་ས་མཐའི་ཡུལ་ནས་ཇེ་དྲན་རེད།།

ཁ་པར་རེ་རེ་བཏང་བའི་ཐོག་མ་རུ།།
ཨ་མས་དྲིས་པའི་སྐད་ཆ་དང་པོ་ནི།།
ནམ་ཞིག་ཡུལ་ལ་ཡོང་ངམ་ཞེས་པའི་ལན།།
སང་ལོ་སང་ལོ་ཟེར་ནས་ད་བར་ལུས།།

བུ་ཕྲུག་རེ་ལ་བཅིངས་པའི་བརྩེ་སེམས་དང་།།
ཁྱིམ་ཚང་གང་པོ་སྐྱོང་བའི་དཀའ་སྡུག་གིས།།
ཨ་མའི་ལུས་པོ་བརླན་པའི་རྔུལ་ཆུ་དེ།།
དེ་རིང་བསམས་ན་མིག་མཐའི་མཆི་མ་རེད།།

ཨ་མའི་ཚེ་མཇུག་རེ་བལྟས་བུ་ལ་བྱས།།
སྐྱབས་བཅོལ་བུ་ཡི་རེ་བ་མི་ལ་བཅོལ།།
མ་ངོ་བོར་ཅིང་གཞན་ངོ་འཚོལ་བའི་བུ།།
རྒྱང་རིང་ཡུལ་ནས་སྐྱོ་བ་མཆི་མས་སྐྱོམ།།

ས་མཐའི་ཡུལ་ནས་རྒས་དུས་རང་ཡུལ་དྲན།།
མི་ཡི་གཡོག་ལ་རྒྱུག་དུས་ཨ་མ་དྲན།།
དྲན་པའི་གདུང་བ་ལྕི་བའི་ཨ་མའི་བུ།།
ད་དུང་འདི་ལྟར་ཆས་ན་ཀྱེ་མ་ཧུད།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།