སྐད་འཕྲིན་གྱི་དུས་རབས།

22/07/2014 17:25

      སྐད་འཕྲིན་གྱི་དུས་རབས།


འབའ་སྲས།


དུས་རབས་འདི་ནི་བོད་དགྲ་རྒྱ་ཡིས་བསྐྲུན།།

དགྲ་ཡི་ལག་ཆ་བོད་པའི་ལག་བསྟར་བྱེད།།

བོད་པ་ཉུང་བའི་ལག་མཐིལ་ཆུང་ཆུང་ན།།

དགྲ་ནག་མིག་ལ་མེ་ལོང་ཆེན་པོ་བཤམས།།


ལ་རྒྱ་ཅན་གྱིས་མི་རིགས་རྩ་དོན་བཤད།།

ཤེས་ཡོན་པ་ཡིས་རིག་པའི་བགྲོ་གླེང་བྱེད།།

ཐ་མ་རྣམས་ཀྱིས་ཁ་རྩོད་ཚིག་རྩོད་རྒྱག །

རབ་འབྲིང་ཐ་གསུམ་སྐད་འཕྲིན་ངོས་ལ་འཚང་།།


ལ་ལས་ཁ་རྩོད་བརྒྱབས་ནས་ཁ་ལྕེ་སྐམ།།

འགའ་རེས་དགའ་རོགས་བཙལ་ནས་བཟའ་ཚང་གཏོར།།

ལ་ལས་མི་ངོ་མི་ཤེས་མི་དག་ལ།།

སྙིང་གཏམ་བཤད་ནས་སྙིང་རླུང་སྟོད་ལ་འཚང་།།


ལ་ལས་ཉོག་གཏམ་བཤད་ནས་རང་ཉིད་ཉོག །

འགའ་རེས་ལ་གཞས་བླངས་ནས་བརྩེ་བ་ཆགས།།

ལ་ལས་རྫུན་གཏམ་བཤད་ནས་ཉི་མ་བསྐྱེལ།།

འགའ་རེས་ཡིད་ཆེས་བྱས་ནས་ལོ་ལ་སྒུག །


ལ་ལས་སྐད་འཕྲིན་དོན་ལ་ལས་དོན་བརྗེད།།

འགའ་རེས་སྐད་འཕྲིན་ནང་ནས་རང་ཚུགས་བོར།།

ལ་ལས་མགོ་པར་མཛེས་མའི་འདྲ་པར་བཞག །

འགའ་རེ་ཞིག་གི་མགོ་བོ་རྨོངས་སུ་བཅུག །


ལ་ལས་སྙན་ངག་བྲིས་ནས་སྙན་པ་བསྒྲོགས།།

འགའ་རེས་མཁས་བཤད་བྱས་ནས་མཁས་རྟགས་སྟོན།།

ལ་ལས་ཆབ་སྲིད་བཤད་ནས་ཆད་པར་ཐོགས།།

འགའ་རེས་ཚོང་ལས་བྱས་ནས་ཚོང་རྩ་རྡིབ།།


སྐད་འཕྲིན་ཟེར་བ་མགྱོགས་མོ་མགྱོགས་མོ་རེད།།

མི་སེམས་འདི་ཡང་འགྱུར་ལྡོག་ད་ད་རེད།།

སྐད་འཕྲིན་མི་གཉིས་འཕྲད་པའི་དུས་རབས་འདིར།།

རང་མགོ་དགྲ་ལག་བཞག་པའི་གཏམ་རྒྱུད་འབྱུང་།།


སྐད་འཕྲིན་སྐད་འཕྲིན་ཟེར་ན་དགྲ་ནག་རེད།།

ང་རང་ང་རང་ཟེར་ཡང་ཁོ་རང་རེད།།

ང་དང་ཁོ་ལ་ས་མཚམས་ཡོད་ཤེས་ན།།

སྐད་འཕྲིན་ནང་དུ་རང་ཉིད་མ་བརླག་རོགས།།


ང་ཚོས་ཅི་བཤད་དགྲ་ཡིས་ཉན་ནས་ཡོད།།

ང་ཡིས་ཅི་བཤད་ཆུང་མས་སློག་གི་ཡོད།།

ཆུང་མས་ཅི་བཤད་ང་ཡིས་འཚོལ་བཞིན་ཡོད།།

སྐད་འཕྲིན་སྤྱི་དང་ཁྱིམ་གྱིས་དགྲ་བོ་རེད།།


སྐད་འཕྲིན་འདི་ལ་མགོ་བོ་མ་འཁོར་རོགས།།

མི་དང་མི་ལ་ཡིད་ཆེས་མ་བྱེད་རོགས།།

ཡིད་ཆེས་རྨོངས་དད་འདི་ཡིས་ཁ་བ་ཅན།།

ཁ་ངོ་ས་ལ་སྦྱར་བ་གྲངས་མེད་ཡིན།།


སྐད་འཕྲིན་སྤྱོད་པ་ཤེས་ན་ཡག་པོ་རེད།།

མ་ཤེས་སོང་ན་རང་ཉིད་མགོ་འཁོར་རེད།།

ཤེས་དང་མ་ཤེས་རང་གིས་རྣམ་དཔྱོད་ཡིན།།

སང་ཉིན་ནོར་ན་རང་གི་འགྱོད་པ་ཡིན།།


༠༡/༠༡/༡༤ 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།