སྙན་ངག་འབྲི།

24/06/2011 22:58


སེམས་ཀྱི་སྐད་ཆ་གསལ་བྱེད་ཚིག་གིས་འབྲི།།
སྙིང་གི་དུངས་པ་སྙན་པའི་དབྱངས་ལ་སྦྱོར།།
དབྱངས་གསལ་སོ་བཞི་རང་གི་སྲོག་དང་བསྡོས།།
བོད་སྐད་དག་མ་ཞིག་གི་སྙན་ངག་འབྲི།།

ཕྱི་ལ་འཁྱམས་པའི་སེམས་པ་བོད་པ་འཁོར།།
བོད་པའི་དཀའ་སྡུག་སྐྱོ་གསུམ་གླིང་ལ་བསྒྲགས།།
ཕྱི་ནང་བོད་མིའི་ལག་རྡང་གཅིག་ཏུ་སྦྲེལ།།
བོད་ཀྱི་བདེན་མཐའ་སེལ་པའི་སྙན་ངག་འབྲི།།

བཙན་པོས་རྡོ་རིང་བཙུགས་པའི་ལོ་རྒྱུས་རིང་།།
མཁས་པས་གླེགས་བམ་བརྩམས་པའི་རྣམ་ཐར་མང་།།
ཕ་མས་ཟུངས་ཁྲག་ཕུལ་པའི་མཛད་རྗེས་ཆེ།།
ཕ་ཤུལ་བུ་ཡིས་འཛིན་པའི་སྙན་ངག་འབྲི།།

གངས་དཀར་རི་བོའི་རྩེ་མོ་དགུང་ལ་སུག །
ཕོ་ཏཱ་ལ་ཡི་གཟི་བྱིན་བླ་ན་འབར།།
ཡངས་ཤིང་ཆེ་བའི་ས་ལ་མུ་མཐའ་མེད།།
རང་ལ་གནས་ཤིག་ཡོད་པའི་སྙན་ངག་འབྲི།།

རྒྱལ་ཁྲིམས་གཙང་མས་རྒྱལ་ཁབ་ཆོས་བཞིན་བསྐྱངས།།
རྒྱ་བོད་ཐ་དད་ཡིན་པའི་རྡོ་རིང་བརྩིགས།།
མཐའ་བཞིའི་དཔུང་གི་སྟོབས་ཤུགས་ཉམས་པར་བྱས།།

བཙན་པོའི་བཀའ་དྲིན་དྲན་པའི་སྙན་འབྲི།།

བཙན་པོའི་ཁྲག་གི་ལོ་རྒྱུས་མཚོ་དང་འདྲེས།།
ཕ་མའི་རྣམ་ཤེས་གྲངས་མེད་རླུང་ལ་བསྐུར།།
སྤུན་ཟླའི་ཚེ་སྲོག་གཉོན་པོ་མེ་ལ་བསྲེགས།།
འདས་པའི་ལོ་རྒྱུས་དྲན་པའི་སྙན་ངག་འབྲི།།

ཡངས་པའི་ཐང་ལ་རྒྱ་ཡི་གྲོང་ཁྱེར་ཆགས།།
བོད་པའི་ནང་ལ་རྒྱ་ཡི་མི་སེར་སྤེལ།།
བོད་པའི་སྐད་ཡིག་རྒྱ་ཡི་སྐད་ལ་བསྒྱུར།།
ད་ལྟའི་གནས་སྟངས་སྐྱོ་བའི་སྙན་ངག་འབྲི།།

དགོན་པ་དག་གི་མཐའ་ལ་དམག་གིས་བསྐོར།།
གྲོང་པ་ཡོད་ཚད་རྒྱ་མིའི་དཔོན་གྱིས་བཟུང་།།
ཤེས་ཡོན་པ་ཚོ་གར་སོང་ཆ་མེད་ཁྲིད།།
བོད་ལ་རང་དབང་མེད་པའི་སྙན་ངག་འབྲི།།

བཙན་པོའི་གདོང་ལས་མཆེད་པའི་བོད་པ་ཞིག །
འཛམ་གླིང་ཡུལ་གྲུ་གང་དུ་གནས་ན་ཡང་།།
རང་ཉིད་བོད་པ་ཡིན་པའི་འདུ་ཤེས་ཤིག །
ཡ་ཆུང་སེམས་ལ་དགོས་པའི་སྙན་ངག་འབྲི།།

དམར་པོ་རྒྱ་ནག་བཙན་པའི་དབང་འོག་ནས།།
བོད་མིས་དཀའ་སྡུག་འབྱིན་པའི་སྨྲེ་ངག་དེ།།
རང་དབང་ཡུལ་དུ་གནས་པའི་བོད་མི་ཚོས།།
རྣ་ལ་ཐོས་པར་དགོས་པའི་སྙན་ངག་འབྲི།།

སྲིད་དོན་དུས་ལ་རྒྱལ་དར་འཕྱར་ཙམ་དང་།།
སྤྲོད་སྐྱིད་སྐབས་སུ་བོད་ལྭ་གྱོན་ཙམ་གྱིས།།
བོད་པའི་བདེན་མཐའ་ནམ་ཡང་མི་སེལ་པས།།
ཐབས་ཤེས་གསར་བ་དགོས་པའི་སྙན་ངག་འབྲི།།

ཁྱོད་ཀྱི་མིང་ལ་བོད་མིང་བཏགས་ན་ཡང་།།
ཁྱོད་ཀྱི་ལུས་ལ་བོད་ལ་གྱོན་ན་ཡང་།།
བོད་པའི་བདེན་མཐའ་སེལ་ལ་མི་ཕན་པས།།
ལྷག་བསམ་བོད་ལ་དགོས་པའི་སྙན་ངག་འབྲི།།

ཁྱོད་ཀྱི་ལག་ཏུ་རྣོ་བའི་གྲི་ཞིག་བཟུང་།།
བདག་གི་རྒྱབ་ལ་དུག་གི་མདའ་ཞིག་འཁུར།།
དྲག་ཆོས་མཚོན་གྱིས་བདེན་དོན་མི་སེལ་པས།།
ཞི་བདེ་མཚོན་ཆ་དགོས་པའི་སྙན་ངག་འབྲི།།

ཁྱོད་ཀྱིས་ང་ལ་བཀྲ་ཤིས་བདེ་ལེགས་གསུངས།།
ངས་ཀྱང་ཁྱེད་ལ་བདེ་བོ་ཡིན་ནམ་ཞུས།།
སྙན་མོའི་ཚིག་འདིས་བོད་ལ་མི་ཕན་པས།།
བོད་པ་སྤྱི་ལ་ཕན་པའི་སྙན་ངག་འབྲི།།

དེ་རིང་ནས་བཟུང་ང་དང་ཁྱོད་ཞེས་མེད།།
བོད་པ་སྤྱི་ཡི་དོན་ལ་སྐད་ཆ་བཤད།།
དེ་རིང་ནས་བཟུང་གྲོགས་དང་གྲོགས་མོ་མེད།།
བོད་པ་སྤྱི་ཡི་དོན་ལ་སྙན་ངག་འབྲི།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།