རྣོ་སྦྲེང་ལ་བསྐུར་བའི་འཕྲིན།

01/07/2011 22:20

ཁ་སྒང་སྡེ་ཆེན་མཚོ་མོའི་སྡེ་གྲོང་ནས།།

ཁ་ཡ་ན་ཟླ་ནང་གི་རྩེ་ཕུད་པོ།།
ཁ་སྒང་རྣོ་སྦྲེང་མིང་གི་ཆོ་ལོ་ཅན།།
ཁ་སང་དེ་རིང་བདེ་མོ་ཡིན་ལགས་སམ།།

ལྟེ་ཁྲག་དམར་པོ་ཕོད་སའི་སྡེ་བ་གཅིག །
མི་ལུས་རིན་ཆེན་ཐོབ་པའི་ཕོ་ལུས་གཅིག །
བདག་མེད་ས་མཐར་འཁྱམས་པའི་ལས་དབང་གཅིག །
གང་ནས་བལྟས་ན་ངེད་གཉིས་གཅིག་ལ་གཅིག །

བདག་ལ་ལྟ་བའི་ཁྱོད་ལ་མིག་གཉིས་ལྡན།།
ཁྱོད་ལ་གཅེས་པའི་བདག་ལ་སེམས་ཤིག་མཆིས།།
ངེད་གཉིས་བར་ན་སྤུན་ཟླའི་འདང་ཞིག་ཡོད།།
སྡེ་བ་གཅིག་པ་ཡིན་པའི་ངོ་སོ་མིན།།

ལོ་ཡིས་དེད་ན་ང་ནི་ཁྱོད་ལས་རྒན།།
ས་མཐར་འཁྱམས་པའི་དུས་ཀྱང་ཁྱོད་ལས་སྔ།།
ཡག་བཙོག་མིག་གིས་མཐོང་བ་ཁྱོད་ལས་མང་།།
དཀའ་སྡུག་འཚོ་བའི་ཉམས་མྱོང་ཁྱོད་ལས་ཟབ།།

འདི་དག་སྦྱངས་པའི་ཡོན་ཏན་མ་ཡིན་ལ།།
བསྐྱེད་པའི་འབྲས་བུ་མཆོག་ཀྱང་མ་ཡིན་ཕྱིར།།
ཁྱོད་ལས་རང་ཉིད་མཁས་པའི་རྐང་སྟེགས་སུ།།
ལངས་ཏེ་ལེགས་ཉེས་སྨྲ་ན་ག་ལ་འོས།།

འོན་ཀྱང་ཁྱོད་ཀྱི་སྤྲིངས་པའི་ཡི་གེ་ནང་།།
བསམ་བློ་ཞིག་གི་རྒྱབ་དཔུང་དགོས་པ་དང་།།
ལམ་སྟོན་ཞིག་གི་དམིགས་བུ་བྱེད་དགོས་ཚུལ།།
བཏོན་པའི་ལན་དུ་སྐད་ཆ་འགའ་ཤས་མཆིས།།

སྤྱིར་ན་མི་བུ་ཞིག་གི་མི་ཚེ་ཡི།།
འབྱུང་འགྱུར་ལས་ཀྱི་ཁ་ཕྱོགས་གང་དུ་འཁོར།།
ཤོག་བུ་དཀར་པོའི་སྟེང་ལ་ས་ཁྲ་བཞིན།།
ཐོད་པའི་ངོས་ལ་བྲིས་ནས་ཡོད་དོ་སྐད།།

ལས་ཀྱིས་གང་དུ་འཁྲིད་ན་དེ་ཡིན་ཞེས།།
རང་ལ་རང་ཚུགས་མེད་ན་ག་ལ་འགྲིག །
རང་གི་མི་ཚེ་འདི་ཡི་ཁ་ལོ་བ།།
རང་ཉིད་ལས་ལྷག་གཞན་གྱིས་སླ་བོ་མིན།།

ཁྱོད་ཀྱི་གོམ་པ་ས་མཐར་བསྒྱུར་བའི་དུས།།
གངས་དཀར་སེམས་ཀྱི་དམིགས་ཡུལ་ཅི་ཞིག་ཡིན།།
ཕ་མ་གཉིས་ཀྱི་དྲན་པའི་སེམས་ངོགས་སུ།།
ཁྱོད་ལ་བཅིངས་པའི་རེ་བལྟས་ཅི་ཞིག་ཡོད།།

འདི་དག་ཚང་མ་ཁྱོད་ཀྱི་སེམས་པའི་ནང་།།
དྭངས་པའི་མཚོ་ལ་ཤར་བའི་ཟླ་གཟུགས་བཞིན།།
ཟླ་དང་ལོ་ཡི་འཁོར་ལོ་བསྐྱོད་ན་ཡང་།།
དྲན་པའི་ངོས་སུ་གསལ་ལེར་ཡོད་ལས་ཆེ།།

དེས་ན་རང་གི་མི་ཚེ་དོན་ལྡན་དང་།།
དྲིན་ལྡན་ཕ་མའི་རེ་བ་སྐོང་བའི་ཕྱིར།།
ད་དུང་སློབ་ཆེན་དེ་རུ་མུ་མཐུད་དུ།།
རིག་པའི་གནས་ལ་བརྩོན་ན་ཤིན་ཏུ་ལེགས།།

ལོ་ན་མི་ཆེ་ད་རུང་གཞོན་ནུ་ཡིན།།
ཁྱིམ་ཚང་ཞིག་གི་འཁོར་བ་ཁྱོད་ལ་མེད།།
ཉེས་ཅན་ལྟ་བུའི་ཁྲིམས་བཀག་དེ་བས་མེད།།
སེམས་པ་དགའ་སྤྲོའི་ངང་ནས་སློབ་ལ་བརྩོན།།

ནང་ལ་བལྟས་ན་རང་ལུས་བདེ་བས་སྐྱིད།།
ཕྱི་ལ་འཁོར་ན་དགྲ་ཟླ་མེད་པས་བདེ།།
ཕྱི་ནང་གཉིས་ཀྱི་བཙན་འཛུལ་མེད་ས་ནས།།
སེམས་ཀྱིས་མི་བཟོད་སྡིག་རྩུབ་གང་ནས་བྱུང་།།

ཁྱོད་ཀྱི་མིག་གིས་ཕ་མཐའི་མཚོ་ལ་ལྟོས།།
མཚོ་མོ་རྦ་རླབས་འཕྱུར་བའི་འཕྲེང་ངོགས་སུ།།
འཇགས་མེད་ཤག་སྒྲ་གྱེར་བའི་རྒྱང་གླུ་དེས།།
ཁྱོད་ཀྱི་རྣ་ལ་སྐུལ་མ་ཅི་ཞིག་གཏོང་།།

ཁྱོད་ཀྱི་འགྲམ་དུ་སྐྱེས་པའི་ལྕང་སྡོང་སྟེང་།།
བྱིའུ་ཆུང་འཇོལ་མོ་རྩེན་པའི་གར་ལ་ལྟོས།།
ཉམ་ཆུང་གཤོག་པ་བསྐྱོད་པའི་འཕུར་སྒྲ་ཡིས།།
ཁྱོད་ཀྱི་སེམས་ལ་སྐུལ་མ་ཅི་ཞིག་སྟེར།།

ཕྱི་ཡི་སྲོག་ཆགས་ལ་སོགས་དངོས་པོ་ཀུན།།
མི་ཡི་སེམས་པ་སྐུལ་བའི་བྱེད་པོ་སྟེ།།
ཡང་དག་རིག་པའི་ཚད་མས་རྙེད་པ་ན།།
འགྲོ་བ་མི་ཡི་སློབ་སྟོན་འདི་ལས་ཅི།།

མི་ཡི་ཁང་པ་ཐོག་མར་ཁུ་རྟས་བཟོས།།
མཚོ་གྲུ་གནམ་གྲུ་ཉ་དང་བྱ་ལ་བལྟས།།
ཚན་ཚན་རིག་པ་དར་བའི་ལག་རྩལ་འདི།།
སྲོག་ཆགས་དག་ལས་བསླབས་པ་མ་ཡིན་ནམ།།

དེ་བས་སྐབས་རེར་བྱ་བྱི་འབའ་འབུ་ཡང་།།
སེམས་ཀྱི་བློ་ཁ་འདྲི་སའི་གྲོགས་ཀྱི་མཆོག །
འདི་ནི་སྨད་པའི་སྐད་ཆ་མ་ཡིན་ཏེ།།
ཁོ་བོའི་ཚོད་ཀྱི་ཚད་མ་རྣམ་དག་ཅིག །

བདག་ནི་ནམ་ཡང་ཁྱོད་ཀྱི་མི་ཡིན་ཏེ།།
མ་ཤེས་མ་མཐོང་ཚུལ་དུ་མི་སྡོད་པར།།
རྐང་པས་ལུས་པོ་ཐེག་པའི་དུས་ཤིག་ན།།
གང་ཡོང་ཅི་ཡོང་བྱེད་པའི་སེམས་པ་བརྟན།།

རྐད་ཆ་བརྒྱ་སྟོང་བཤད་པའི་རྩ་བ་གཅིག །
ཁྱོད་ཀྱི་མུ་མཐུད་སློབ་ཆེན་ཐར་ཕྱིན་མཛོད།།
ཁོ་བོ་འདི་ནས་དར་བའི་ལས་ལ་བརྩོན།།

གང་ཅི་ཐད་ནས་ཕན་ཞིག་ཨེ་ཐོག་བལྟ།། 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།