ཨ་མ་ལགས། ང་ལ་བཟོད་སྒོམ་གནང་རོགས།

24/06/2011 23:00

རི་ཚོགས་མང་པོའི་འཕྲེང་བ་བསྟེར་བས་མདུན་ལ་བལྟ་བའི་མཐོང་བ་བཀག།
གྱེས་གདུང་རལ་གྲི་སྙིང་ལ་ཟུག་པས་མིག་གི་མཆི་མ་ས་ལ་བྲུད།།
ལོ་མང་འགོར་ཡང་མཇལ་ཐབས་མེད་སོང་བདག་ལ་བརྩེ་བའི་དྲིན་ཆེན་མ།།
ས་མཐའི་ཡུལ་ལྗོངས་སྐྱ་བོའི་ཁྲོད་ནས་བདེ་བར་སྡོད་པའི་བུ་ཡིས་དྲན།།

ཉིན་མ་ཟླ་བའི་སེམས་ཀྱི་མིག་ཆུ་ལོ་མང་འཁོར་བའི་མཚོ་ལ་འདྲེས།།
སྙིང་ལ་བརྣག་པའི་གདུང་བ་ལྕི་མོ་ངོ་གདོང་རྒས་པའི་གཉེར་མར་བྲིས།།
སྐྲ་དཀར་འདམ་མ་རེ་རེ་ཡིས་ནི་རྒྱང་རིང་བུ་ཡི་གཟུགས་ཕུང་སྦྲུམ།།
མི་ཡུལ་འགྲིམ་པའི་བུ་ཕྲུག་ང་ཡང་ཨ་མས་ཅི་ཙམ་དྲན་མེད་དམ།།

བདག་མེད་རྣམ་ཤེས་བདག་པར་བཞེས་ནས་མི་ལུས་སྩོལ་མཁན་ཨ་མ་ལགས།།
བདག་ནི་དེ་རིང་བཙན་གནོད་མེད་པའི་ཞི་བདེའི་ཡུལ་གྲུ་ཞིག་ན་མཆིས།།
འོན་ཀྱང་བདག་གི་སེམས་ཀྱི་འཇིགས་སྣང་སྔར་བཞིན་གནས་ཏེ་ལུས་པོ་འདར།།
ཤིན་ཏུ་སྐྲག་ཅིང་ཞུམ་པའི་སྙིང་ཆུང་དེ་རིང་ད་དུང་ལྷོག་ལྷོག་ལྡིང་།།

རླུང་འཚུབ་རྒོད་ཅིང་དྲག་ཆར་རྩུབ་པའི་ཉི་མ་ནག་པོའི་ཞོགས་པ་དེར།།
མདུང་དང་རལ་གྲིའི་མཚོན་ཆ་ཐོགས་པའི་ཇག་དམག་དག་གིས་ངེད་ཚང་གི །
ཁྱིམ་གྱི་ཕུག་ན་གཏེར་དུ་བཞག་པའི་ལོ་རྒྱུས་གནའ་བོའི་གསུང་རབ་རྣམས།།
མེ་ལྕེ་འབར་བའི་ཕང་ལ་བཏབ་ཅིང་གཙང་བོ་འབབ་པའི་གཞུང་ལ་བསྐྱུར།།

སྡིག་ཅན་ཁྲོས་པའི་མེ་མདའི་ཁ་སྒོ་ཨ་ཕའི་སྲོག་གི་གཤེད་མར་གཏད།།
ཤིན་ཏུ་རྣོ་བའི་རལ་གྲིའི་རྩེ་མོ་ཨ་མའི་ཚེ་ཡི་སྲོག་ལ་གདེངས།།
ཡོད་ཚད་ཤོར་ཞིང་ཡོད་ཚད་བརླགས་ཟིན་ཅི་ཡང་མེད་པའི་ཁང་སྟོང་དེར།།
ཕྱག་ཟུག་ཐལ་མོ་སྙིང་ཁར་བཀོད་བཞིན་ཨ་མ་གཅིག་བུ་ག་ལ་སྡོད།།

ས་མཐའི་བུ་ང་ས་མཐར་གྱེས་ནས་ཨ་མའི་དྲུང་དུ་ལོག་ན་འདོད།།
ཨ་མའི་ལག་པར་དམ་པོར་འཇུས་ནས་ཞི་བདེ་གླིང་ཞིག་འཚོལ་ན་འདོད།།
གཅེས་སྲོག་སྦྱིན་པའི་ཕུ་ནུའི་ཆེད་དུ་འཚེ་མེད་སྒྲོན་མེ་སྦར་ན་འདོད།།
མ་ཎི་དྲུག་མའི་དབྱངས་དང་འགྲོགས་ནས་བྱམས་པའི་གནས་ཤིག་བསྐྲུན་ན་འདོད།།

བདག་གིས་འདི་ལྟར་བསམས་ཤིང་རེ་ཡང་ཇག་དམག་ཚོགས་ཀྱིས་ད་དུང་ཡང་།།
མེ་ཏོག་ལ་སྤྲུལ་གོ་མཚོན་བཟུང་ནས་ཕུ་ནུ་མང་པོའི་ཚེ་སྲོག་ལ།།
འཇམ་རྒོལ་བྱེད་བཞིན་ངེད་ཚང་སྒོ་དྲུང་སྔར་བཞིན་དམ་ཞིང་དྲག་པོས་བསྲུངས།།
དེས་ན་ཁོ་བོ་ཇག་དམར་ཚོགས་ཀྱི་ཉེ་སར་སླེབས་རྒྱུར་ཤིན་ཏུ་འཇིགས།།

ཟླ་དང་ལོ་ཡི་འཁོར་བསྐྱོད་བར་ནས་བདག་ལ་སྒུག་པའི་ཨ་མ་ལགས།།
ཆུང་ནས་བྱམས་ཤིང་གཅེས་པའི་བུ་ལ་ད་དུང་བཟོད་སྒོམ་གནང་རོགས་ཞུས།།
མི་ཡུལ་ཞིག་གི་མགྲོན་པོ་བྱས་ནས་མཚན་མོ་མི་བསྐྱེད་མི་ག་མེད་རེད།།
ས་མཐའ་ཞིག་གི་འཁྱམས་པོ་བྱས་ནས་ཉིན་མ་མི་གཏོང་ཐབས་མེད་རེད།།

ཤིན་ཏུ་སྐྱོ་ཞིང་སྡུག་གི་སེམས་པ་ས་གཞི་བཞིན་དུ་ཡངས་ཤིང་ཆེ།།
དྲན་པས་གདུང་བས་མིག་གི་མཆི་མ་དབྱར་ཀའི་ཆར་ལྟར་ཆད་དུ་མེད།།
ཁྲོ་ཞིང་རྒོད་པའི་སྙིང་གི་མེ་ལྕེ་དགྲ་ཡི་ཕྱོགས་ལ་ལོང་ལོང་འབར།།
ཞི་ཞིང་འཇམ་པའི་སེམས་ཀྱི་འོད་སྣང་ནམ་ཡང་ཨ་མའི་དྲུང་ལ་འཕྲོ།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།