ཨ་མ་ལགས། ལོ་སར་བཟང་།

01/07/2011 23:52

ཆེ་ཆེར་རྒྱང་ཐག་རིང་བའི་ཡུལ་ཞིག་ཏུ།།

སྐྲ་དཀར་འདབ་མ་འཛིན་པའི་དྲིན་ཆེན་མ།།
ས་མཐའི་རྐང་ལམ་འགྲིམ་པའི་བུ་ཕྲུག་ངས།།
ལོ་སར་བཀྲ་ཤིས་བདེ་ལེགས་ཐོག་མར་ཞུ།།

གནམ་ལོ་གསར་བའི་དཔལ་གྱི་དགའ་སྟོན་དུ།།
ནང་མི་ཡོངས་འཛོམས་གླུ་ལེན་གར་རྩེད་དང་།།
སྣ་ཚོགས་ཟས་ལ་རོལ་བས་སྐྱིད་ན་ཡང་།།
ཨ་མའི་མིག་མཐའི་མཆི་མ་བདག་གི་དོན།།

ཁྲ་ཆུང་མིག་མཐར་བཟུང་བའི་མཆི་མ་དང་།།
ཡ་ཆུང་སེམས་ལ་གཉེར་བའི་སྡུག་བསྔལ་གྱིས།།
བུ་ང་ནམ་ཞིག་འཕྲད་པའི་རེ་སྒུག་དེ།།
ད་དུང་ཡིད་ན་ཡོད་དམ་ཨ་མ་ལགས།།

ཕ་མས་བུ་ཕྲུག་དྲན་པའི་སྡུག་བསྔལ་འདི།།
རང་ཉིད་ཕ་རུ་མ་གྱུར་མ་ཤེས་པས།།
ད་ནི་ཤེས་ཀྱང་ཕྱིས་པའི་ངང་ཚུལ་འདི།།
སྡུག་བསྔལ་འཕར་མ་ཞིག་གི་ཁ་སྣོན་གྱུར།།

བྱིས་པ་ཆུང་ཆུང་དུས་ནས་རྒས་པའི་བར།།
ཨ་མའི་སེམས་ལ་སྡུག་གི་རི་བོ་ལས།།
ཕན་ཐོག་བྱེས་རྡུལ་ཙམ་ཡང་མ་ནུས་པའི།།
བུ་ཕྲུག་སྐྱག་གཟན་ཟེར་ན་ང་འདྲ་རེད།།

བུ་ཞིག་སྐྱེས་པས་ཨ་མའི་གདོང་གི་འཛུམ།།
རེ་བ་ཞིག་གི་གསེབ་ནས་མངོན་ན་ཡང་།།
རེ་བ་ཆུ་ལ་བསྐྱུར་མཁན་བུ་ངན་ཞིག །
ཨ་མས་སྐྱེས་དགོས་ཉེས་པ་ཅི་ཞིག་བྱུང་།།

མ་ཡི་རེ་བ་བུ་ལ་བཅོལ་བ་དག །
བུ་ཡིས་བྲག་ཆེན་རྡོ་ལ་རི་མོ་བྲིས།།
ཅི་ཡང་ཕན་མེད་མི་ཡི་འདྲ་གཟུགས་འདི།།
ཨ་མའི་སྙིང་གི་ད་དུང་ནོར་བུ་ལགས།།

ཁྱི་ཡི་འགྲམ་སོ་སངས་རྒྱས་ཚེམས་ཕྲེང་ལྟར།།
སྤྱི་བོའི་གཙུག་ཏུ་བཀུར་བའི་དཔེ་དེ་བཞིན།།
ཕན་མེད་ཁྱི་དང་འདྲ་བའི་བུ་ཕྲུག་ང་།།
ཨ་མའི་སེམས་ལ་ད་དུང་སྟག་ཕྲུག་ཅིག །

ཕྱག་བརྡར་གད་སྙིགས་ཁྲོད་ཀྱི་ཕུང་བོ་འདི།།
ཨ་མའི་ཐུགས་ནས་བརྗེད་ན་ཆོག་པ་ལ།།
རིན་ཆེན་ནང་གི་ས་ལེ་སྦྲམ་བཞིན་དུ།།
སྐྱེས་སུ་བཟུང་བའི་ཨ་མ་ཐུགས་རྗེ་ཆེ།།

ས་མཐའི་ཡུལ་ནས་སྡུག་སྐད་ལུང་པ་གང་།།
ཨ་མར་དྲིན་ལན་མ་ཕོག་སྐྱོ་བ་བརྒྱ།།
ཡ་ཆུང་ཁོག་པའི་ནང་དུ་མ་ཤོང་བས།།
མགྲིན་པ་དོག་པོའི་ལམ་ནས་འདི་ཙམ་ཤོར།།

ཨ་མའི་དྲན་གདུང་སྒང་ལ་སྡུག་གི་གཏམ།།
སྣོན་པར་མི་བྱེད་ཨ་མ་སྤྲོ་སྐྱིད་མཛོད།།
སེམས་སྤྲོ་ལུས་བདེ་བདེ་ཞིང་སྐྱིད་པའི་ངང་།།
ཚེ་རིང་ལོ་བརྒྱ་ཐུབ་པའི་སྨོན་ལམ་འདེབས།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།