ཨ་མའི་བཀའ་དྲིན་ཨ་ཕས་ཤེས་ན་འགྲིག

02/07/2011 00:11

ཨ་ཕའི་ལུས་ཀྱི་རུས་པ་དཀར་པོ་ཨ་མའི་ཤ་ཡི་གསིང་ན་གནས།།

ཨ་ཕའི་གདོང་གི་རྔུལ་ཆུ་ཐིགས་པ་ཨ་མའི་བྲང་གི་ངོས་སུ་འཁྱིལ།།
ཨ་ཕའི་འདོད་དགའི་སེམས་ཀྱི་ཚོར་བ་ཨ་མའི་ལུས་ཀྱི་གསེབ་ན་འཁྱུག །
ཨ་ཕའི་དགའ་དང་སྡུག་གི་ལས་དབང་ཨ་མའི་ལག་པའི་མཐིལ་ན་བསྐྱོད།།

ཨ་ཕ་ངལ་ཐང་ཆད་པའི་ལུས་པོ་ཨ་མའི་ལུས་ཀྱི་དྲོད་ཀྱིས་གསོ།།
ཨ་ཕའི་ངག་གི་སྐྱོ་བའི་ཤུགས་རིང་ཨ་མའི་གདོང་གི་འཛུམ་གྱིས་ཆད།།
ཨ་ཕའི་ཁོག་གི་ལྕི་བའི་སྡུག་ངལ་ཨ་མའི་དགོད་སྒྲ་གཅིག་གིས་སངས།།
ཨ་ཕའི་ལུས་ངག་ཡིད་ཀྱི་བདེ་སྡུག་ཨ་མའི་སེམས་དང་སྦྲེལ་ནས་ཡོད།།

ཨ་མའི་འཛུམ་གྱི་མེ་ལྕེ་འབར་ན་ཨ་ཕའི་ཁོག་གི་འཁྱག་རོམ་བཞུ།།
ཨ་མའི་བརྩེ་བའི་མདའ་ཤིང་དྲང་ན་ཨ་པའི་དཔའ་སྟོབས་མདུང་ལྟར་རྣོ།།
ཨ་མའི་སེམས་རྒྱ་ཇི་ལྟར་ཡངས་ན་ཨ་ཕ་འགྲིམ་པའི་ལམ་ཁ་རིང་།།
ཨ་མའི་ཐབས་ཀྱི་ལྡེ་མིག་གིས་ནི་ཨ་ཕའི་ཤེས་རབ་སྒོ་ཟྭ་འབྱེད།།

ཨ་མ་མེད་པའི་ཉིན་མ་དེ་རུ་ཨ་ཕ་ཤྭ་བོ་ནད་པ་འདྲ།།
ལུས་པོ་སྒྱིད་ལུག་བྲག་གིས་བསྣན་ཞིང་སེམས་པ་མི་དྲན་སྨག་གིས་བཅིངས།།
ཨ་མ་ཡོད་པའི་ཉིན་མ་དེ་རུ་ཨ་ཕ་ནགས་ཀྱི་སྟག་རྒོད་བཞིན།།
ལུས་ལ་དཔའ་བོའི་ངར་ཤུགས་རྒྱས་ཅིང་སེམས་ལ་དྲན་པའི་རིག་པ་རྒོད།།

ཨ་མ་ཡིན་ཡང་བུད་མེད་རེད་ཅེས་ཨ་ཕའི་སེམས་པ་ཁེངས་མི་འཚལ།།
ཨ་ཕ་ཁྱོད་ཀྱི་འཁོར་བའི་ལོངས་སྤྱོད་ཨ་མ་ལགས་ལ་བརྟེན་ནས་བྱུང་།།
ཨ་ཕ་ཁྱོད་ཀྱི་འདོད་པའི་བདེ་བ་ཨ་མའི་ལུས་ལ་སྦྱར་ནས་འཐོབ།།
ཨ་ཕ་ཁྱོད་ཀྱི་ཐུན་གསུམ་ཁ་ཟས་ཨ་མའི་ལག་པ་གཉིས་ལས་བྱུང་།།

ཨ་མའི་བྲང་གི་ནུ་མ་ཙམ་གྱིས་ཨ་ཕའི་སེམས་པ་གཡོ་བར་བྱེད།།
ཨ་མའི་འདོམ་གྱི་མི་གཙང་བྷ་གས་ཨ་ཕའི་སེམས་པ་སྨྱོ་བར་ནུས།།
ཨ་མའི་ལུས་ཀྱི་བ་སྤུ་རེ་རེ་ཨ་ཕའི་རྣམ་ཤེས་ཆགས་ས་སྟེ།།
ཨ་མ་མེད་ན་འཇིག་རྟེན་འདི་རུ་ཨ་ཕ་ཁྱོད་ལ་ཅི་ཡང་མེད།།

མདོར་ན་ཨ་མའི་ཤ་ཁྲག་རུས་གསུམ་ཕངས་མེད་ཨ་ཕ་ཁྱོད་ལ་སྦྱིན།།
ཨ་མར་ཁ་རྒྱས་དབང་ཐང་ཅི་ཡོད་ཨ་ཕ་ཁྱོད་ཀྱི་མིང་ལ་བཏགས།།
ཨ་མའི་ཀླད་པའི་གཙུག་ན་ཡོད་པ་ཨ་ཕ་ཁྱོད་ཉིད་གཅིག་བུ་ལས།།
སུ་ཞིག་མེད་ན་ཨ་མའི་བཀའ་དྲིན་ཨ་ཕ་ཁྱོད་ཀྱིས་ཤེས་ན་འགྲིག །

 

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།