ཨ་མས་བསྐྱངས་པའི་བུ་ཕྲུག་གསུམ།

02/07/2011 00:42

 

ས་ཆེན་གོ་ལ་འདི་ཡི་སྟེང་ན་བདག་ལ་ཡོད་པ་ཨ་མ་སྟེ།།
དྲིན་ལྡན་ཨ་མའི་ཕྱག་ཟུང་འཇུས་ནས་བདག་གི་གོམ་པ་ས་ལ་སྤོས།།
བརྩེ་ཆེན་ཨ་མའི་བྱམས་བརྩེ་འོག་ནས་བདག་གིས་འཛམ་གླིང་མིག་གིས་མཐོང་།།
འཛམ་གླིང་མིག་གིས་བདག་ཉིད་མཐོང་བ་འདི་ཡང་ཨ་མའི་དྲིན་ལས་ཐོབ།།

བདག་གི་ཨ་མར་བུ་གསུམ་སྐྱེས་པ་ཆེ་བ་བསྟན་པ་རྒྱ་མཚོ་དང་།།
ཆུང་བའི་མིང་ལ་འཇིགས་མེད་རྒྱ་མཚོ་བར་བ་ཤེས་རབ་རྒྱ་མཚོ་ང་།།
རྒྱ་མཚོ་མིང་ཅན་བུ་ཕྲུག་ངེད་གསུམ་ཨ་མའི་སྙིང་གི་ནོར་བུ་སྟེ།།
ཞུམ་པ་མེད་པའི་ཨ་མའི་སྙིང་ན་འཇིག་པ་མེད་པའི་ཁ་དོག་གསུམ།།

བདག་གི་ཁྱིམ་གྱི་འཚོ་བ་ཞན་ཡང་ངེད་ཅག་སྤུན་གསུམ་ལྟོགས་མྱོང་མེད།།
ཞིང་ཁའི་སྙེ་མ་རེ་རེ་འཐུས་ཏེ་སྦྲང་དཀར་རྩམ་པར་འཐག་ནས་བྱིན།།
དགུན་གྱི་གྲང་རླུང་འཁྱག་རུམ་བར་ནས་ལུས་ལ་ཁ་བས་ལྡག་མྱོང་མེད།།
ལྷམ་པ་རེ་རེ་རྐུད་པས་འཚེམ་ནས་ལྭ་བ་དྲོན་པོ་ལུས་ལ་གྱོན།།

འདི་ལྟར་ཨ་མའི་བྱམས་བརྩེའི་འོག་ནས་ངེད་ཅག་སྤུན་གསུམ་དར་མར་གྱུར།།
ཀྱག་ཀྱོག་ལོ་ཟླའི་འཕྲེང་བའི་བར་ནས་ཨ་མའི་སྐུ་ལུས་རྒས་པས་བཟུང་།།
ཕུག་རྒྱང་རིང་བའི་ཨ་མའི་རེ་འདུན་ད་ནི་གཅེས་ལོ་གསུམ་ལ་བཅིངས།།
ནམ་མཁའ་འདེགས་པའི་གསེར་གྱི་ཀ་བ་བུ་ཕྲུག་གསུམ་གྱི་མདུན་དུ་བཙུགས།།

ཉིན་ཞིག་ཨ་མས་ངེད་ཅག་བུ་གསུམ་བོས་ཏེ་ཟབ་མོ་ཚིག་འདི་གསུངས།།
བདག་གི་བུ་གསུམ་དར་མར་གྱུར་བས་ཨ་མའི་སེམས་ཁ་བདེ་བར་གྱུར།།
ཨ་མ་ང་ནི་ལོ་ཡིས་རྒས་པས་ལ་ཁར་བསླེབས་པའི་ཉི་མ་བཞིན།།
སེམས་ཀྱིས་ལྕོགས་ཀྱང་ལུས་ཀྱིས་མི་ལྕོགས་ད་ནི་ཨ་མ་ངལ་གསོ་བྱ།།

ཨ་མས་བསགས་པའི་ཁྱིམ་གྱི་འབྱོར་བ་དབང་བོའི་མཛོད་ལ་མི་འགྲན་ཡང་།།
ཅུང་ཟད་མཆིས་པའི་ནོར་གྱི་བདག་པོ་ད་ནས་བཟུང་སྟེ་ཁྱེད་ཅག་གསུམ།།
ཁྱིམ་གྱི་ནོར་རྣམས་སྟོང་བར་མི་འགྱུར་རྒྱ་མཚོའི་ནང་ལ་ཆུ་ཐིགས་བཞིན།།
ཡོད་པའི་སྒང་ལ་སྣོན་མར་འཚོལ་བའི་ཐབས་དང་འབད་པ་དང་དུ་ལོངས།།

བུ་གསུམ་ཡོད་ཀྱང་ཨ་མས་ད་དུང་ཁྱིམ་གྱི་འགན་ལེན་བྱེད་དགོས་ཚེ།།
སྟག་སེང་གཡུ་འབྲུག་ལྟ་བུའི་བུ་རྣམས་ཁྱི་ཕག་གླང་གི་རྗེས་སུ་འཇུག །
ཕྱི་ཡི་མི་རྣམས་གད་མོ་འཆོར་ཞིང་ཁྱིམ་ཚང་དེ་ན་ཨ་མ་ལས།།
ཁྱིམ་གཞི་འདེགས་པའི་ཀ་བ་མེད་ཅེས་ཁྱེད་ཅག་གསུམ་ལ་འཕྱ་བར་བྱེད།།

དེ་ལྟར་ཨ་མའི་གསུངས་པའི་ཚིག་ལ་ངེད་ཅག་སྤུན་ཚོས་འདི་སྐད་དུ།།
ཀྱེ་ཀྱེ་ཨ་མ་དེ་ལྟར་མ་གསུངས་ངེད་ཅག་སྤུན་གསུམ་ད་དུང་ཡང་།།
ཨ་མ་ཁྱེད་ཀྱི་བྱམས་བརྩེའི་འོག་ནས་ད་དུང་རྩེད་མོ་རྩེ་ན་འདོད།།
ཨ་མ་ཁྱེད་ཀྱི་གཉོར་སྐྱོང་ལ་བརྟེན་ནམ་ཡང་འདི་ལྟར་འདུག་ན་འདོད།།

གལ་སྲིད་ཨ་མས་ཁྱིམ་གཞི་སྐྱོང་བའི་འགན་འདི་ཕྲག་ནས་ཕབ་པ་ན།།
ཁྱིམ་གྱི་འབྱོར་བ་སྟོང་བས་ཟད་ཅིང་ངེད་ཅག་བུ་གསུམ་ལྟོགས་པས་གདུང་།།
ནམ་ཞིག་རང་རང་ས་ལ་གྱེས་ནས་ཁྱིམ་ཚང་འདི་ཡང་སྟོང་བར་ལྷག །
ཕྱི་སྡེ་མི་ཡི་མིག་གི་འོག་ནས་ངེད་ཚོའི་རིན་ཐང་ཆུང་བར་འགྱུར།།

ཐུགས་རྗེ་གཟིགས་ཤིག་བྱམས་ལྡན་ཨ་མས་ད་དུང་ཁྱིམ་འདི་བཟུང་བར་མཛོད།།
བཀའ་དྲིན་མཛོད་ཅིག་དྲིན་ཅན་མ་ཡིས་ངེད་ཅག་བུ་གསུམ་གཅེས་བར་སྐྱོངས།།
འཇོན་ཐང་མེད་པའི་བུ་ཕྲུག་ངེད་གསུམ་ཨ་མའི་དྲུང་དུ་ཁ་བདེ་ཡང་།།
ཨ་མ་ཁྱེད་ཀྱི་ལག་པར་མ་འཇུས་གཡང་གཟེར་བྲག་ལ་ལྟུང་བར་ངེས།།

འདི་ལྟར་ཨ་མར་རེ་བ་ཞུས་ཀྱང་ཡ་ང་མེད་པའི་ཨུ་ཚུགས་བྱས།།
ཨ་མའི་སེམས་ལ་སྐྱོ་བ་བྱིན་ཡང་ཨ་མའི་གདོང་པ་འཛུམ་དང་བཅས།།
ཀ་ཡེ་ཉོན་ཅིག་རིང་ནས་བསྐྱངས་པའི་ཨ་མའི་སྙིང་གི་བུ་ཕྲུག་གསུམ།།
ཨ་མས་བཤད་པའི་སྐད་ཆར་མ་གཡེང་སེམས་ཀྱི་རྣ་བ་གཏད་ནས་ཉོན།།

ད་ནི་ཨ་མ་རྒས་པས་བཟུང་བས་ལྷོད་ལྷོད་སྡོད་པའི་དུས་ཤིག་བྱིན།།
མ་ཎི་ཡིག་དྲུག་ཕྲེང་བར་བགྲེང་བའི་དུས་ཀྱང་ཨ་མར་སྟེར་བར་མཛོད།།
བུ་ཕྲུག་ཁྱེད་ཅག་གསུམ་གྱི་དོན་ལ་ཨ་མའི་མི་ཚེ་སྡུག་གིས་བསྐྱེལ།།
ངལ་ཐང་ཆད་པའི་ཨ་མའི་ལུས་པོ་ངལ་ཐང་གསོ་བའི་དུས་ཤིག་སྤྲོད།།

ཁྱོད་ཚོའི་སྙིང་ལ་རུས་པ་ཡོད་ན་རུས་པའི་རྐང་ལ་ས་ལ་བཙུགས།།
ཨ་མའི་གདོང་པ་གཅིག་བུར་བལྟས་ནས་ནམ་ཡང་འདི་ལྟར་མ་སྡོད་ཅིག །
ལྟོས་དང་འཛམ་གླིང་འདི་ཡི་སྟེང་ན་ཨ་མ་མེད་པའི་དྭ་ཕྲུག་དག །
དཀའ་སྡུག་རྐང་པ་ས་ལ་བཙུགས་ཏེ་བདེ་སྐྱིད་མགོ་བོ་མཁའ་ལ་འདེགས།།

ནམ་ཞིག་ཨ་མ་མེད་པའི་དུས་སུ་ཁྱོད་ཚོའི་རེ་བ་སུ་ལ་བཅོལ།།
རང་མགོ་རང་གིས་ཐོན་པར་མ་བྱས་ལྟོས་དང་བུ་ཕྲུག་སུ་ཞིག་ཡོད།།
ཨ་མ་ང་ནི་ཡོད་པའི་དུས་སུ་ཁྱོད་ཚོས་ཁྱིམ་གཞི་ཁུར་ལེན་བྱོས།།
ཕྱི་ཡི་མི་ཡི་མིག་ལ་མཛེས་ཤིང་ཨ་མ་བདག་གི་སེམས་པ་དྲོ།།

ཨ་མ་མེད་པའི་ཉི་མ་ཤར་ཚེ་ཁྱེད་ཚོའི་རེ་བ་སུ་ལ་འདོན།།
རང་མགོ་རང་གིས་ཐོན་པ་མེད་ན་སུ་ཡིས་ཁྱོད་ཚོར་བདག་པོ་བརྒྱག །
ཨ་མ་ཡོད་པའི་དུས་སྐབས་འདི་ལ་རང་མགོ་རང་ཐོན་བྱེད་ལ་བརྩོན།།
གལ་སྲིད་ཨ་མ་མཁོ་བའི་ཉིན་མོར་ཨ་མ་འགྲམ་ན་ཡོད་ཡོད་ཡིན།།

འདི་ལྟར་ཨ་མའི་དོན་ལྡན་ཚིག་གིས་བུ་གསུམ་སེམས་པ་སྨན་གྱིས་གསོས།།
འཇོན་པ་མེད་ཀྱང་འཇོན་པའི་ཚུལ་གྱིས་ཁྱིམ་ཚང་བྱ་བ་ཁུར་དུ་བླངས།།
བསྟན་པ་རྒྱ་མཚོས་གཡོ་སྒྱུ་སྤངས་ཤིང་འཇིགས་མེད་རྒྱ་མཚོས་ཁོང་ཁྲོ་མནན།།
ཤེས་རབ་རྒྱ་མཚོ་ལེ་ལོ་དོར་ཏེ་སྤུན་གསུམ་གོམ་པ་རྒྱང་སྐྱོད་བྱེད།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།