སྣ་ཚོགས་དཔྱད་གླེང་།

Date
By
Subject

སྙིང་གི་ན་ཟུག། །

སྐྱིད་སྡུག་འདྲེས་མའི་ཡངས་པའི་རྒྱལ་ཁམས་འདིར་། །
མི་ཡི་ལུས་རྟེན་ཐོབ་པ་མཚུངས་གྱུར་ཀྱང་། །
རིགས་རུས་མཐོ་དམན་གླིང་བའི་འཆལ་གཏམ་འདིས།།
སྙིང་ལ་ན་ཚའི་ཟུག་གཟེར་ཐིངས་མང་བསླངས། །
ཕུག་འདུན་བསམ་བློ་གཅིག་པའི་གངས་ཅན་པ།་།
ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་རྣམས། །
རྣོ་ངར་མཚོན་གྱི་སོ་ཁ་ནང་ལ་བསྐོར། །
གཤིས་རྒྱུད་དར་དཀར་འདྲ་བ་དགྲ་ལ་བསྟན། །
བདེན་པའི་ཐར་ལམ་འཚོལ་བའི་རྒན་འཁོགས་ཚོས། །
ངག་ནས་གྱེར་བའི་ཡིག་དྲུག་དབྱངས་རེ་སྙན། །
ལག་གི་འཁོར་ཆུང་གསེར་དང་དངུལལས་བྱེད། །
ཡིད་ཀྱི་མེ་ལོང་ངོས་སུ་ཅི་ཞིག་འཆར། །
གཟི་བྱིན་བཟོད་པར་དཀའ་བའི་དཔོན་འགས། །
རྒྱུན་དུ་གླུ་དང་རྩེད་འཇོའི་གར་ལ་རོལ། །
ཕུག་ཀྱི་ནོར་དུ་དམངས་ཀྱི་རྔུལ་ཆུ་བསོགས། །
ཡིད་ལ་དབང་དང་ཐོབ་ཐང་ཁོ་ན་བསམ། །
ལས་འབྲས་གནད་ལ་རྨོངས་པའི་བསྟན་དགྲ་འགས། །
དོན་མེད་སྲང་མདོ་རྣམས་སུ་ཁྱི་བཞིན་མྱུལ། །
མ་ཎི་འབྲུ་དྲུག་དོན་ཙམ་མ་ཤེས་པར། །
ཕགས་པའི་དགེ་འདུན་དུ་གྲལ་ད་ཡིན་མདོག་བྱེད། །
སྔར་བྱོན་མེས་པོ་དམ་པའི་ཚོགས་རྣམས་ཀྱི། །
ཁྲག་དང་རྔུལ་ཆུས་གྲུབ་པའི་རིག་དངོས་རྣམས། །
ཉིན་བཞིན་གཞན་ཡུལ་གྱར་བའི་སྣང་ཚུལ་འདིས། །
སྐྱོ་བའི་མིག་ཆུ་ལྷུང་བ་ལན་གཅིག་མིན། །
རྒན་པ་རྣམས་ཀྱིས་སྦག་ཁང་སྔས་སུ་བརྟེན། ་།
གཞོན་ནུ་རྣམས་ཀྱིས་ཨར་ཁང་ཚང་དུ་བྱེད། །
བཙུན་པ་ནང་མ་ཁང་དུ་གཉིད་དུ་ཡུར། །
ཚུལ་དེ་མཐོང་བས་སྙིང་ལ་ཟུག་གཟེར་སྐྱེས། །
དུས་རབས་ཉེར་ཕྱོགས་པའི་བོད་ཕྲུག་རྣམས། །
ལྔ་རིག་ནོར་བུ་རིན་ཆེན་གཏེར་གྱི་མཛོད། །
འཛིན་སྐྱོང་སྤིལ་བའི་ལས་ལ་མི་བརྩོན་པར།། །
དོན་མེད་བྱ་བས་དུས་ཀུན་བསྐྱལ་བར་ཕངས། །

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།