ཤར་གྱི་འབྲུག་སྐད་ནུབ་ཏུ་ལྡིར།
07/07/2011 19:51
རང་གིས་བལྟས་ན་སྙན་ངག་ཡིན་ཡང་ཆོག །
གཞན་གྱིས་བཀླག་ན་བྲོ་བ་མེད་ཀྱང་ཆོག །
རང་གཞན་གཉིས་ལ་མངར་སྐྱུར་གནས་པ་ཡི།།
ང་ཡི་སྙན་ངག་ང་རང་ཞེ་འདང་ཆེ།།
སྙན་ངག་ཅེས་པའི་མིང་འདི་ཐོས་པ་ནས།།
དཔེར་བརྗོད་འགའ་རེ་བཞག་པའི་ཁ་སང་དང་།།
རང་གིས་འབྲི་གོམས་ཐུབ་པའི་དེ་རིང་བར།།
རྐང་པའི་ལྷམ་མཐིལ་སྙན་ངག་ལམ་ནས་ཟད།།
ཨ་མས་བསླབས་པའི་ཀ་ཁ་ག་ངའི་དབྱངས།།
དགེ་རྒན་དྲུང་ནས་སྦྱངས་པའི་རིག་པའི་གནས།།
སྙན་པའི་དབྱངས་ལ་སྦྱར་བའི་བརྩོན་པ་འདིས།།
གཞོན་པའི་ལང་ཚོ་རྒས་པའི་གཉེར་མར་བསྡེབས།།
སྙན་ངག་བྲག་གི་རི་ཡི་ལམ་འཕྲེང་འཁྱོག །
སྟབས་བདེའི་རྐང་པས་བགྲོད་པ་དུས་ཀྱིས་བཀག །
ཨུ་ཚུགས་རྐང་པ་རེ་རེ་བསྐྱོད་པའི་ཤུལ།།
བྲེལ་ཚུལ་རླུང་གིས་བྲིས་པའི་རི་མོ་གསལ།།
གཞན་ངོ་འཛུམ་གྱིས་བསུ་བའི་ལས་ཀ་ནས།།
དུས་ཚོད་གཞན་དབང་སོང་བའི་ཁོར་ཡུག་ནས།།
རང་དབང་སེམས་ཀྱི་སྙིང་གཏམ་གྱེར་བའི་གླུ།།
སྙན་མོ་དབྱངས་ལ་འགུག་པའི་སྐལ་བ་ཕྲ།།
ཤར་གྱི་འབྲུག་ཆུང་ནུབ་ཀྱི་མཁའ་ནས་ལྡིར།།
མཐོ་སྒང་སྙན་ངག་ནུབ་ཕྱོགས་གྲོང་ནས་བྲིས།།
ནུབ་ཕྱོགས་ལས་བྲེལ་ཆེ་བའི་གྲོང་ཁྱེར་ནས།།
འབྲུག་ཆུང་ལྡིར་བའི་སྙན་ངག་སུ་ཡིས་ཐོས།།
སྦྱིན་བདག་ཅིག་གི་འོག་ནས་སྙན་ངག་འབྲི།།
སྦྱིན་བདག་ཁྲོས་པའི་བཀའ་བཀྱོན་སྒོར་གྱིས་གཅོད།།
བཟའ་ཚང་ཞིག་གི་འགྲམ་ནས་སྙན་ངག་འབྲི།།
བརྩེ་བའི་ཞལ་རས་མ་རངས་འདོག་གིས་འགྱུར།།
བྱིས་པ་གཉིད་པའི་ངག་སྒྲ་སྔ་ནས་འབྱིན།།
ཆུང་མ་སྔ་ནས་རྨི་ལམ་ཞིང་ན་སྐྱིད།།
བདག་གི་འགྲམ་གྱི་ཟང་ཟིང་མཐའ་དག་ཡལ།།
ཁོ་བོ་ད་དུང་སྙན་ངག་གྲོང་ན་ཉུལ།།
ཐམས་ཅད་འདི་ནས་གཅིག་ལས་གཅིག་འཇོན་གྱིས།།
བདེ་སྐྱིད་འཚོ་བའི་ལམ་སྣ་གསར་བ་བསྐྲུན།།
འབྱོར་བའི་ལམ་ཁ་མ་ཟིན་དབུལ་བོ་ང་།།
མི་ཡི་མི་ཁ་འཁོར་བའི་གྲངས་ཀ་མང་།།
སྙན་ངག་ཚིག་རྐང་སྒྲིག་པའི་མགོ་རྔ་ནས།།
ཆུང་མའི་གདོང་ལ་ལྟ་བའང་བརྗེད་གྱུར་ནས།
ཁྱོད་ཀྱི་ཆུང་མ་སྙན་ངག་ཡིན་ནམ་ཞེས།།
བཟའ་ཚང་ཁྲོས་པའི་བཟའ་སྡིགས་ཅི་ཙམ་བྱུང་།།
སྤྱི་སྤྱོད་རླུང་འཁོར་བསྡད་ནས་འགྲོ་བའི་དུས།།
རང་སེམས་སྙན་ངག་སྒྱུ་མའི་ཞིང་ལ་ཤོར།།
རང་གི་སྒོ་དྲུང་སླེབས་པ་བརྗེད་གྱུར་ནས།།
ཐག་རིང་ལམ་ལ་དྲུད་པའི་ཐེངས་མ་མང་།།
འདི་ལྟར་ལས་བྲེལ་ཆེ་བའི་ཁོར་ཡུག་ནས།།
སྙན་ངག་འབྲི་བའི་དུས་ཚོད་མེད་ས་ནས།།
ཤར་གྱི་འབྲུག་སྐད་ནུབ་ནས་ལྡིར་བྱེད་པའི།།
རང་གི་སྙན་ངག་ཞེ་འདང་ཆེ་ཚུལ་གླེང་།།
སུ་དང་གང་གི་དབང་དུ་མ་གྱུར་བར།།
རང་བྱུང་མཛེས་སྡུག་བཀྲ་བའི་གནས་ཤིག་ཏུ།།
རང་བྱུང་སྙིང་ལ་ཤར་བའི་རི་མོ་དག །
ལྷོད་ལྷོད་འབྲི་བའི་དུས་ཤིག་འཐོབ་པར་ཤོག །
———
Back