ཀ་རྩོམ་རྒྱ་ནག་བསྲེགས་པའི་མེ་དཔུང་།

31/03/2012 17:34

 

ཀ་དག་ཆོས་ལ་སྤྱོད་པའི་གདོང་དམར་བོད།།
ཁ་རོགས་མ་འདུག་ཚང་མ་ཡར་ལ་ལོངས།།
ག་ས་གང་ནས་སྲོག་གི་མེ་ལྕེ་སྒྲོན།།
ང་ཚོ་ཚང་མ་དུས་གཅིག་ཉིན་གཅིག་འབར།།

ཅ་ཅོ་མི་བསྒྲོག་མ་ཎི་དབྱངས་འགུག་དང་།།
ཆ་ལུགས་ཉམ་ཆུང་ཞི་བའི་ངོ་རྒོལ་གྱིས།།
ཇག་རྐུན་རྒྱ་ནག་ཚང་ལ་མི་ཕན་པས།།
ཉ་ཉོག་རུས་ཉོག་གཏོང་བའི་ཐབས་ལ་འབད།།

ཏཱ་ལེ་བླ་མའི་སྐུ་ཚེ་བརྟན་པའི་དུས།།
ཐ་ཤལ་རྒྱ་ནག་ཚང་ནས་ཁ་ཁར་བྱེད།།
ད་དུང་དམར་བའི་གཞུང་ལ་མགོ་སྒུར་ན།།
ན་ནིང་ད་ལོར་རང་སྲོག་ཅི་ཙམ་ཤོར།།

པ་མགོ་རྒྱ་གཞུང་ཟེར་ནས་སྡིགས་པ་དང་།།
ཕ་རོ་ཟོ་ཞེས་སྐད་འབོད་བྱས་ན་ཡང་།།
བ་གླང་རྣ་ལ་དམ་པའི་ཆོས་བཤད་ལྟར།།
མ་རབ་ཚང་གིས་ཡ་ལན་མི་སྟེར་ག །

ཙ་རི་ནས་བཟུང་བལ་ཡུལ་འབྲུག་ཡུལ་དང་།།
ཚ་བ་རྒྱ་གར་ཡུལ་ནས་ཕྱི་རྒྱལ་བར།།
ཛ་དྲག་ཅན་གྱི་མེ་ཞིག་མ་སྦར་ན།།
ཝ་མོ་ཅེ་སྤྱང་ཇེ་ངར་ཇེ་རྒོད་རེད།།

ཞ་ཡེ་ངུ་ངུ་བྱས་ནས་སྐད་འབོད་དང་།།
ཟ་མ་མ་ཟོས་ཟས་བཅད་ངོ་རྒོལ་སོགས།།
འ་ཅག་བོད་པས་གང་ཐུབ་བྱས་ན་ཡང་།།
ཡ་ལན་མ་བྱིན་ལོ་ངོ་ག་ཚོད་འགོར།།

ར་བ་གངས་དཀར་ཡུལ་གྱི་གདོང་དམར་བོད།།
ལ་རྒྱའི་སྙིང་སྟོབས་ལྡན་པའི་གངས་ཅན་པ།།
ཤ་རུས་ཁྲག་རྒྱུན་གཅིག་པའི་བཙན་པོའི་སྲས།།
ས་ཆ་གང་དུ་གནས་ཀྱང་མེ་ཞིག་སྒྲོན།།

ཧ་ཅང་ཛ་དྲག་ཆེ་བའི་ལས་འགུལ་ཞིག །
ཨ་རིའི་ཡུལ་དང་ཡོ་རོབ་ལྷ་ས་སོགས།།
ཧ་ཅང་ཡུལ་གྲུ་ཆེ་སར་མ་སྤེལ་ན།།
ཨ་མདོ་ཁམས་པ་གཉིས་ལ་སྙིང་མ་རྗེ།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།