བཟའ་འཁོན་ནི་བརྩེ་དུང་ཡིན།

06/09/2011 17:43

༼ང་ལ་བོད་ལྭ་གྱོན་རྒྱུའི་ཐོབ་ཐང་མི་འདུག་ཅེས་པའི་ལན་དུ།༽

བཀུར་འོས་པའི་མྱི་རྐང་གཅིག་ལགས།  ངེད་ཆང་ས་དྲ་བ་སྒོ་ཕྱེས་ནས་ཉིན་ཤས་མ་འགོར་བར་ཉིད་ཀྱིས་༼ང་ལྭ་བོད་ལ་གྱོན་པའི་ཐོབ་ཐང་མི་འདུག༽་ཅེས་པའི་རྩོམ་ཡིག་དེ་བསྐུར་བར་དགའ་བྱུང་། ཁྱེད་ཀྱི་རྩོམ་ཡིག་དེ་གཅིག་བྱས་ན་ངེད་དྲ་བར་རྒྱབ་སྐྱོར་གྱི་ཚུལ་དུ་བསྐུར་བ་ཡིན་སྲིད་ལ། གཅིག་བྱས་ན་རང་ཉིད་ཀྱི་དཀའ་ངལ་ངོ་མ་ཞིག་ཀྱང་ཡིན་སྲིད། དེ་ལས་གཞན་ཡང་ཡིན་སྲིད། གང་ལྟར་ཀྱང་ངེད་དྲ་བས་བདེན་པ་ཞིག་ཡིན་པ་གཞི་ལ་བཞག་ནས་ཁྱེད་ལ་གང་ཐུབ་ཀྱིས་ཕན་ངེས་ཤིག་འབྱུང་བའི་རེ་བ་དང་བཅས་འདིར་ལན་ཞིག་ཕུལ་བར་འོས་སོ།།
  
སྤྱིར་བཟའ་ཚང་སུ་འདྲ་ཞིག་ཡིན་ཡང་བཟའ་འཁོན་ནི་རྒྱུན་ལྡན་ཞིག་རེད། བཟའ་འཁོན་མེད་པའི་བཟའ་ཚང་ཞིག་ཧ་ལམ་མེད་ཅེས་བརྗོད་ཆོག བཟའ་འཁོན་འབྱུང་རྐྱེན་མང་ཆེ་བ་ཞིག་ནི། བཟའ་ཟླ་ཕན་ཚུན་དབར་བརྩེ་བ་མེད་པ་དང་གཅིག་གིས་གཅིག་ལ་ཐོབ་ཐང་མ་སྤྲད་པ་གཅིག་བུ་མ་ཡིན་པར། བཟའ་ཟླ་ཕན་ཚུན་ལ་བརྩེ་བ་ཆེ་དྲགས་པའི་རྐྱེན་གྱིས་ཡོང་གི་ཡོད། དེ་བས་བཟའ་ཚང་མང་ཆེ་བའི་བཟའ་འཁོན་ནི་དོན་དངོས་སུ། ཕན་ཚུན་ལ་བརྩེ་བ་མེད་པའི་བཟའ་འཁོན་མིན་པར་བརྩེ་བ་ཆེ་དྲགས་པའི་བཟའ་འཁོན་ཡིན། བཟའ་འཁོན་དེ་རིགས་ཀྱི་ཁ་དང་ཁོག་པ་གཏན་ནས་མི་འདྲ་སྟེ། ཁ་ནས་ཚིག་འཛིངས་ཅི་ལྟར་བྱས་ཀྱང་ཁོག་ནས་ཕན་ཚུན་ལ་དགའ་བ་དང་དུང་བ་ཟབ་མོ་ཞིག་འཁྱིལ་ཡོད། བཟའ་ཚང་དེ་རིགས་ནི་མི་ཚེ་མཐའ་ཆོད་པའི་རིགས་ཡིན།

མཚམས་འདི་ནས་ངས་ང་རང་ཉིད་ལ་དཔེར་བཞག་ནས་ཚིག་འགའ་ཞུ་ཆོག ང་གཉེན་བསྒྲིགས་ནས་ལོ་ངོ་བཅོ་ལྔ་ཙམ་ཆས་སོང་། ངེད་གཉིས་ཀྱང་བཟའ་ཚང་སྤྱི་ཡོངས་ལྟར་བཟའ་འཁོན་དེ་རིང་མེད་ན་སང་ཉིན་དང་། ཟླ་བ་འདིའི་ནང་མེད་ན་ཟླ་བ་རྗེས་མ། གང་ལྟར་བཟའ་འཁོན་ཡོད་ཡོད་པ་རེད། ཡིན་ན་ཡང་། ངས་བཟའ་འཁོན་དེ་དག་ལ་ཕྱིར་འདང་རེ་བརྒྱབས་ན་བཟའ་འཁོན་དེ་དག་གི་འབྱུང་རྐྱེན་ནི། ངེད་གཉིས་ཕན་ཚུན་གཅིག་ལ་གཅིག་དགའ་དང་། གཅིག་ལ་གཅིག་ཞེན་ཤ་སྟག་ལས་བྱུང་བ་ཞིག་རེད། དཔེར་ན། ང་ནི་སྙན་ངག་འབྲི་རྒྱུར་དགའ་བས་དུས་ཚོད་ནམ་ཡོད་ལ་སྙན་ངག་རེ་ཨེ་འཁྱོངས་ལ་བལྟས་པས། ཟ་མ་ཟ་ཞོར་དུ་ཡང་སྐད་ཆ་མ་བཤད་པར་ཁུ་སིམ་མར་ཡི་གེ་འབྲི་བ་དང་། མཚམས་རེར་གཉིད་ཀྱང་མ་ཁུག་བར་འདུག་གི་ཡོད། མོས་ང་ལ་ལས་ཀ་དཀའ་ལས་ཆེ་བའི་སྒང་ལ་ད་དུང་ཟ་མ་ཡག་པོ་མི་ཟ་དང་། གཉིད་མི་ཁུག་བ། ང་དང་བུ་ཕྲུག་ལ་སྐད་ཆ་ཡང་མི་བཤད་པས་ཁྱེད་ཀྱི་ཆུང་མ་དང་བུ་ཕྲུག་སྙན་ངག་ཡིན་ནམ་ཞེས་ང་ལ་གཤེ་གཤེ་གཏོང་བ་མ་ཟད། ཁྱེད་རང་ལ་གློག་ཀླད་དང་སྙན་ངག་ཡོད་ན་ཆུང་མ་དང་བུ་ཕྲུག་དགོས་ཀི་མ་རེད། ཁྱེད་རང་གཅིག་བུ་ཁང་པ་ཞིག་ནང་བསྡད་ན་ཏག་ཏག་རེད་ཅེས་ཐེངས་མང་བཤད་མྱོང་། ངས་ཀྱང་༼ང་ལ་སྙན་ངག་འབྲི་རྒྱུའི་ཐོབ ་ཐང་མི་འདུག་༽ཅེས་བྲིས་ན་ངེད་གཉིས་ཧ་ལམ་འདྲ་བོ་རེད། དེ་ལྟ་བུའི་བཟའ་འཁོན་རེ་བྱས་རྗེས་ངས་སེམས་གཏིང་ནས་མོ་ལ་སྙིང་རྗེ་བ་ལ་སོགས་པའི་དགའ་དུངས་ཀྱི་ཚོར་བ་ཞིག་འགོག་མེད་དུ་སྐྱེས་ཡོང་གི་འདུག དེ་བས་བཟའ་འཁོན་གྱི་མིག་ཆུ་ནི་བརྩེ་དུང་གི་བདུད་རྩི་ལས་བཞུར་བ་ཞིག་རེད་འདོད།

འོ་རེད། ད་ཁྱེད་རང་གི་སྐོར་ནས་བཤད། ཁྱེད་ཀྱིས་གསུངས་ན་ཁྱེད་ཀྱི་བཟའ་ཟླས་རང་ཉིད་ཀྱིས་ཆེས་གྱོན་ན་འདོད་པའི་བོད་ལ་གྱོན་པར་བཀག་འགོག་བྱས་པ་དང་། དེ་ལ་བརྟེན་ནས་ཁྱེད་གཉིས་དབར་བཟའ་འཁོན་བྱུང་ཞིང་། མཐའ་མར་བོད་ལྭ་དང་ཁྱོ་ཀ་གང་དགོས་གདམ་པའི་དུས་ལ་བསླེབས་པ་རེད་ཟེར། སྤྱིར་བོད་ལྭ་གྱོན་པ་ལ་བརྟེན་ནས་བཟའ་ཚང་ཁ་ཁར་འགྲོ་དགོས་པ་ཞིག་ཡེ་ནས་མ་ཡིན་མོད། འོན་ཀྱང་ཁྱེད་ཀྱི་བཟའ་ཟླ་ལ་ཡང་རྒྱུ་མཚན་ཞིག་ཡོད་ངེས་ལ། རྒྱུ་མཚན་དེའི་ནང་དུ་ཁྱེད་ལ་བཅིངས་པའི་ལྷད་མེད་ཀྱི་བརྩེ་དུང་ཞིག་ཀྱང་ཡོད་སྲིད། བརྩེ་དུང་དེ་ནི་ཁྱོད་དང་ཁྱོད་ཀྱི་ཁོར་ཡུག་གཉིས་ལ་སྦྲེལ་ནས་བྱུང་བར་སེམས།

སྐྱེས་པ་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་ཆུང་མ་དེ་རང་ཉིད་ལ་དབང་བ་ལས། སུ་ཞིག་གི་དབང་དུ་མི་འགྲོ་བའི་རེ་བ་ཆེ་ཤོས་དེ་ཡིན་ཞིང་། ཐ་ན་རང་ཉིད་ཀྱི་ཆུང་མ་དེ་ཆུང་མ་གཞན་དང་འདྲ་འདྲར་གནས་ཐུབ་པའི་རེ་བ་ཞིག་ནམ་རྒྱུན་སེམས་ལ་བཟུང་ཡོད་ལ། རང་གི་ཆུང་མའི་སྐྱེས་གཟུགས་དང་མིང་། ལྭ་བ་གྱོན་སྟངས་ཡན་ཆད་ནས་ཀྱང་མི་ཚང་མའི་གླེང་གཞི་ཞིག་ཏུ་མི་འགྱུར་བའི་རེ་བ་ཞིག་ཀྱང་སེམས་ལ་བཟུང་ཡོད།
  
དེ་བས་ན། ཁྱེད་ཀྱི་བཟའ་ཟླས་ཀྱང་ཁྱེད་རང་སྐྱེས་མ་གཞན་དང་འདྲ་བ་ལས་མི་འདྲ་བ་ཞིག་ཏུ་འགྱུར་བ་ལ་སྔོན་འགོག་བྱས་པ་ཡིན་སྲིད། ཅིའི་ཕྱིར་ཞེ་ན། ཁྱེད་ནི་ཕྱི་གླིང་ཞིག་ན་ཡོད་པས་དེའི་ཁོར་ཡུག་དང་། དེ་གའི་སྐྱེས་མ་ཚོའི་གྱོན་པ་དང་མ་མཐུན་པ་ཞིག་བྱུང་ན། ཁྱེད་རང་མཐོང་བའི་མི་རྣམས་ཀྱིས་ཁྱེད་རང་གི་སྐྱེས་ལུས་ལ་བལྟས་ནས་སྐད་ཆ་སྣ་ཚོགས་བཤད་སྲིད། འགའ་ཤས་ཀྱིས་གྱོན་ཆོས་འདི་འདྲ་རིང་པོ་ཞིག་གྱོན་ནས་ལས་ཀར་སོང་ན་བདེ་བོ་ཡོད་དམ་དང་། ཡང་ཁ་ཤས་ཀྱིས་གྱོན་པ་འདི་མི་རིགས་གང་ཞིག་གྱོན་པ་ཡིན་ནམ་ལ་སོགས་པའི་འཆར་སྣང་སྣ་ཚོགས་ཀྱིས་ཁྱེད་ལ་བལྟ་བ་དང་གླེང་བ་ལ་སོགས་བྱེད། གང་ལྟར་ཀྱང། སྐབས་དེར་ཁྱེད་རང་མི་དེ་རྣམས་ཀྱི་མིག་ལམ་ནས་མ་འདྲ་བ་ཞིག་མཐོང་བ་རེད། དེ་ནི་ཁྱེད་ཀྱི་བཟའ་ཟླས་ཁྱེད་རང་སྐྱེས་མ་གཞན་དང་འདྲ་བར་གནས་རྒྱུའི་འདོད་པ་དང་མ་མཐུན་པ་ཞིག་བྱུང་བས། ཁྱོད་ལ་རྩ་ཚང་གི་མི་འདུག་ཅེས་བཤད་དགོས་བྱུང་བ་རེད། ཡང་ཕྱོགས་གཞན་ཞིག་ནས། ཁྱེད་ཀྱིས་བོད་ལ་གྱོན་ནས་ལས་ཀ་བྱས་བ་ཡིན་ན་དེ་ཙམ་བདེ་བོ་མེད་པས། ཁྱེད་ཀྱི་བཟའ་ཟླས་ཁྱེད་ལ་སྤྱིར་བཏང་གི་ལྭ་བ་གྱོན་ན་འགྲོ་བདེ་ལས་བདེ་ཡིན་པས། ཁྱེད་ལ་དེ་ལྟར་བདེ་བོ་ཞིག་དང་འབྱོར་བོ་ཞིག་བྱུང་ན་བསམ་པས་ཡིན། དེ་ལྟར་ཡིན་པའི་དབང་དུ་བཏང་ན། ཁྱེད་ནི་ཁྱེད་ཀྱི་བཟའ་ཟླའི་སྙིང་གི་ཟབ་ས་ན་ཡོད་པའི་རྟགས་རེད། འདི་ལ་ཁྱེད་ཀྱིས་འཁང་ར་བྱེད་མི་ཉན། ཅི་ཕྱིར་ཞེས་ན་ཁྱེད་ལ་གཅེས་ཤིང་དགའ་བའི་དབང་གིས་བྱུང་བ་རེད། འདི་ལྟ་བུའི་བརྩེ་བ་ཡིན་ན་ཁྱེད་ཀྱིས་དང་ལེན་བྱེད་དགོས། 

ཡང་དཀའ་ངལ་གཞན་པ་ཞིག་ནི། ཁྱེད་རང་འབྲོག་པའི་རྩྭ་ཐང་ནས་འཚར་ལོངས་བྱུང་བས། ནམ་རྒྱུན་དུ་བོད་ལྭ་གྱོན་ན་ལུས་ལ་བདེ་བོ་ཞིག་ཡོང་གི་ཡོད་པ་མ་ཟད། རང་ཉིད་བོད་རིགས་ཤིག་ཡིན་པའི་རྟགས་ཤིག་ཀྱང་གྱོན་ཆས་ཀྱི་སྟེང་ནས་སྟོན་ན་འདོད་པའི་སེམས་པ་ཞིག་ཡོད་པ་དེ་རེད། འདི་ལ་སུས་ཀྱང་དགའ་བསུ་མི་ཞུ་མཁན་མེད། དེ་བས་ཁྱེད་རང་ལ་ཡང་ཁག་མི་འདུག དེས་ན་ངེད་ཚོས་གྲོས་ཤིག་བྱེད་ཆོག་གམ། 

ནམ་རྒྱུན་ཁྱེད་རང་ལས་ཀར་འགྲོ་དུས་སྤྱིར་བཏང་གི་ལྭ་བ་གྱོན་རྒྱུ་དང་། གུང་གསེང་དང་སྤྲོ་སང་གི་སྐབས་སུ་བོད་ལ་གྱོན་རྒྱུ་བྱས་ན་གང་འདྲ་འདུག དེ་ལྟར་བྱས་ཚེ་ཁྱེད་ཀྱི་འདོད་པ་འགྲུབ་ཐུབ་ལ། ཁྱེད་ཀྱི་བཟའ་ཟླའི་འདོད་པ་ཡང་ཁེངས་ཐུབ་པར་སྙམ། ལྷག་པར་དུ་ཁྱེད་གཉིས་ཀྱི་བཟའ་འཁོན་དེ་རྨག་ཆད་དུ་འགྱུར་ཐུབ་པ་དེའོ།།

མཐའ་དོན་ཁྱེད་བཟའ་མི་གཉིས་ནམ་ཡང་ཕན་ཚུན་ལ་བསམ་ཤེས་དང་། ནམ་ཡང་ཕན་ཚུན་ལ་བརྩི་བཀུར་བྱ་ཐུབ་རྒྱུའི་བསམ་བློ་གསར་བ་ཞིག་གི་སྒོ་ཕྱེས་ནས། སྤྲོ་ཞིང་སྐྱིད་པའི་འཚོ་བ་ཞིག་གི་འགོ་བཟུང་རྒྱུར་ངེད་ཆང་ས་དྲ་བའི་རྩོམ་སྒྲིག་པ་ཡོངས་ནས་སྙིང་ནས་རེ་བཞིན་ཡོད་ལ། ཁྱེད་བཟའ་ཚང་གཉིས་ཀྱི་རེ་བ་ཡང་ནམ་གཞར་འདི་ལས་མི་འདའ་བའི་ཡིད་ཆེས་ཟབ་མོ་བཅངས་ཡོད་དོ།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།