དེང་སྐབས་ང་སུ་ཡིན་ནམ།

10/07/2011 16:30

 

རྒྱང་རིང་ཞིག་ནས་བདག་གིས་མཐོང་སོང་གངས་ཅན་ཁ་བ་རི་བོའི་རྩེ།།
མི་ཡུལ་ཞིག་ནས་བདག་གིས་ཤེས་སོང་རང་ཡུལ་གད་པ་ཡིན་རུང་སྐྱིད།།
ས་མཐའ་ཞིག་ནས་བདག་གིས་ཐོས་སོང་མ་ཡིས་གཅེས་ལོ་འབོད་པའི་སྐད།།

ཁ་སང་ང་རང་སྐྱེས་པའི་དུས་སུ་ཨ་མའི་འཛུམ་གྱིས་བདག་ལ་ལྟ།།
དེ་རིང་ང་རང་ཕྱི་ལ་འཁྱམ་དུས་ཨ་མའི་མིག་ཆུས་འབོད་བརྡ་གཏོང་།།
སང་ཉིན་ང་རང་འཆི་བའི་དུས་སུ་བདག་གི་རྣམ་ཤེས་སུ་ལ་ཆགས།།

བདག་ནི་ཆུང་ཆུང་བྱིས་པའི་དུས་སུ་འབའ་འབའ་ལུག་གུའི་རྩེད་རོགས་ཡིན།།
བདག་ནི་གཞོན་ནུ་དར་མའི་དུས་སུ་ན་ཆུང་བུ་མོའི་དགོད་རོགས་ཡིན།།
བདག་ནི་རྒས་ཤིང་ཁོག་པའི་དུས་སུ་བདག་གི་འགྲམ་ན་སུ་ཞིག་མཆིས།།

བདག་ནི་བྱིས་པ་སྣ་བླུག་ཡིན་དུས་ཁ་ནས་བོད་སྐད་གཙང་མ་བཤད།།
གཡང་དཀར་ལུག་གི་རྫི་བོ་ཡིན་དུས་རྒྱབ་ལ་བོད་ལྭ་གཙང་མ་གྱོན།།
རྒྱབ་ཁབ་ཕྱི་ནང་མིག་གིས་མཐོང་སོང་ད་ནི་བདག་ཉིད་སུ་དང་འདྲ།།

ཀ་ཁའི་རི་མོ་ས་ལ་འབྲི་དུས་བདག་ནི་བོད་ཕྲུག་ངོ་མ་ཞིག །
ཕ་ཡུལ་བཞག་ནས་མི་ཡུལ་འཁྱམ་དུས་བདག་ནི་རི་སྤྱང་སྔོན་མོ་ཞིག །
འཛམ་གླིང་ཧྲིལ་བོར་མིག་གིས་མཐོང་དུས་ད་བཟོད་བདག་ནི་སུ་ཞིག་ལགས།།

བདག་ནི་དེང་མ་ལམ་ལ་ཆས་དུས་ལག་གི་ཁ་དག་སོ་མ་ཡིན།།
མི་ཡུལ་ཞིག་ནས་གནས་ཚང་གཡོར་དུས་སེམས་ཀྱི་སྡུག་བསྔལ་ངོ་མ་ཡིན།།
མི་ཡུལ་འདི་ནས་ཤིན་ཏུ་རྒས་སོང་ད་ནི་སུ་ཡི་མགྲོན་པོ་ཡིན།།

མ་གཞི་ང་ནི་གཡོ་ཞིང་འགུལ་བ་ཡང་ན་བརྟན་ཅིང་སྲ་བ་ཡིན།།
ཡང་ན་བཞུར་ཏེ་འགྲོ་བ་ཡིན་ནམ་ཡང་ན་འཁྱིལ་ཞིང་གནས་པ་ཡིན།།
ཡང་ན་གནས་ཤིག་འཚོལ་མཁན་ཡིན་ནམ་ཡང་ན་ལམ་ཞིག་འཚོལ་མཁན་ཡིན།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།