བདག་གི་ལམ།

07/02/2012 19:02


རྐང་རྗེས་ཆེན་པོ་བདག་ལ་མེད་གྱུར་ཀྱང་།།
ལམ་ཁ་ཆུང་ཆུང་ནམ་ཡང་མི་གཏོང་བར།།
ལུས་དང་གྲིབ་མ་འགྲོགས་པའི་ལམ་ཁ་འདི།།
མ་ཤི་བར་དུ་རང་ཉིད་བགྲོད་པའི་ལམ།།

ཨ་མས་མདུན་ལ་བགྲོད་པའི་ལམ་ཞིག་བསྟན།།
ཕ་ལོས་ལམ་འདི་བཟང་བའི་གཏམ་ཞིག་བཤད།།
ཕ་མ་གཉིས་ཀྱིས་བསྟན་པའི་ལམ་ཁ་འདི།།
དཀའ་སྡུག་ཅི་ཙམ་ཆེ་ཡང་བདག་གི་ལམ།།

ལམ་ཁ་འདི་ནས་ངལ་ཐང་ཆད་ཀྱང་རུང་།།
ལམ་ཁ་འདི་ནས་བཀྲེས་ལྟོགས་མྱོང་དགོས་རུང་།།
ལམ་ཁ་འདི་ནས་མིག་ཆུ་གཏོང་དགོས་རུང་།།
ལམ་ཁ་འདི་ལས་ལམ་ཞིག་བདག་ལ་མེད།།

ཨ་མའི་ཤ་ཡིས་བསྐྲུན་པའི་ལམ་ཁ་འདིར།།
ཨ་ཕའི་རུས་པས་བརྡུངས་པའི་ལམ་ཁ་འདིར།།
རང་གི་ཁྲག་གིས་བྱུགས་པའི་ལམ་ཁ་འདིར།།
སུ་ཡིས་བཀག་ཀྱང་མི་ཁོག་བདག་གི་ལམ།།

དེ་རིང་བདག་གི་ལམ་དུ་ཚེར་མ་སྐྱེས།།
དེ་རིང་བདག་གི་ལམ་དུ་མེ་ལྕེ་མཆེད།།
དེ་རིང་བདག་གི་ལམ་དུ་གནམ་ས་འདར།།
འོན་ཀྱང་བདག་ལ་ལམ་ཁ་འདི་ལས་མེད།།

ཚེར་མ་རྣོ་བས་རྐང་མཐིལ་ཕུག་ན་ཕུག །
མེ་ལྕེ་དམར་པོས་རང་ལུས་བསྲེགས་ན་བསྲེགས།།
ཕ་མས་སྦྱིན་པའི་བདག་གི་རྐང་པ་གཉིས།།
ལམ་ཁ་འདི་ལས་བགྲོད་ཀྱི་གཞན་དུ་མིན།།

ལམ་ཁ་འདི་ཡི་ཕ་མཐའི་མཚོ་འགྲམ་ན།།
བདག་གི་བཙན་པོ་སྟོང་གི་ལོ་རྒྱུས་གནས།།
ལམ་ཁ་འདི་ཡི་ཕ་མཐའི་མཚོ་འགྲམ་ན།།
བདག་གི་ཡབ་མེས་སྟོང་གི་རླུང་རྟ་བསྐྱོད།།

ཁྱོད་ཀྱིས་ཕར་རྒྱུགས་ཕར་རྒྱུགས་ཟེར་ན་ཡང་།།
བདག་གིས་མིན་མིན་བརྗོད་པའི་སྙིང་སྟོབས་མཆིས།།
ཅི་སྟེ་ཞེ་ན་བདག་གིས་ཕ་མ་ཡིས།།
བསྐྲུན་པའི་ལམ་འདི་ངའི་ཡིན་ཁྱོད་ཀྱི་མིན།།

ལམ་ཁ་འདི་ནས་དང་པོར་ང་རང་འགྲོ།།
ང་ཡི་རྗེས་ལ་ང་ཡི་སྤུན་ཟླ་ཤོག །
ལམ་ཁ་འདི་ནས་ང་ཚོ་མཉམ་གཅིག་ཏུ།།
རྒྱལ་ཁ་གསར་བ་ཞིག་གི་རྐང་རྗེས་འཇོག །

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།