ཀ་རྩོམ་དྲི་བ་དྲང་མོ་དང་དྲིས་ལན་དྲང་མོ།

30/01/2015 00:04
 
  ཀ་རྩོམ་དྲི་བ་དྲང་མོ།

འབའ་སྲས།

ཀ་རའི་ལག་རྟགས་བྱིན་ན་སེམས་ཀྱིས་བཞེས་འདོད་ཡོད་དམ།།
ཁ་ནས་སྙིང་གཏམ་བཤད་ན་རྣ་བས་ཉན་ན་ཨེ་འདོད།།
ག་སར་གང་ནས་ཐུག་ན་མ་བྲོས་ཉེ་སར་ཡོང་ངམ།།
ང་རང་ལོ་ན་ཆེ་བས་རྒད་པོ་ཟེར་ནས་ཨེ་སྡིག །

ཅ་དག་གཙང་མ་མིན་ཚེ་མིག་གིས་བལྟ་ན་ཨེ་འདོད།།
ཆ་ལུགས་ཆོ་ག་བཙོག་ན་མཉམ་དུ་འགྲོ་རྒྱུར་ཨེ་འཇིགས།།
ཇ་ཆང་མཉམ་འཐུང་བྱས་ན་ཁ་ནས་སྐྱུག་མེར་ལངས་སམ།།
ཉ་ཉོག་སྐད་ཆ་མང་ན་རྣ་ལ་སུན་པོ་ཡོད་དམ།།

ཏ་ཀུ་འཁར་བར་བརྟེན་དུས་གཡས་ནས་སྐྱོར་རོགས་ཨེ་ཉན།།
ཐ་མ་རྔ་མ་ཞིག་ལ་ང་རང་གཡུགས་ནས་འགྲོ་འམ།།
ད་ལྟ་ལོ་ན་གཞོན་དུས་རྩེད་ན་སྐྱིད་པོ་ཡིན་ཡང་།།
ན་རྒས་འཆི་ལ་ཉེ་དུས་མི་ཚེ་སྐྱོ་རོགས་ཉན་ནམ།།

པ་མགོ་ང་རེད་ཟེར་ན་ཕྱུག་པོའི་རྗེས་སུ་ཨེ་འབྲོ།།
ཕ་བཟང་བུ་རྒོད་ཅིག་ལ་སྙིང་དམར་སྤྲོད་ན་འདོད་དམ།།
བ་གམ་ཅན་གྱི་ཁང་བཟང་བདག་ལ་ཐབས་ཤེས་མེད་ཀྱང་།།
མ་མཐའ་ཡིན་ཡང་ཉལ་ས་དྲོན་པོ་ངས་ཀྱང་བསྒྲུབ་ཐུབ།།

ཙ་རི་བྲག་རི་བརྒལ་ན་བདག་གི་འགྲོ་རོགས་ཨེ་ཉན།།
ཚ་གྲང་གང་དང་འཕྲད་ཚེ་སྐྱོ་རོགས་སྡུག་རོགས་བྱེད་དམ།།
ཛ་དྲག་གལ་ལ་ཐུག་དུས་བདག་ལ་དཔུང་རོགས་ཐུབ་བམ།།
ཝ་ཡེ་ཟེར་ནས་བོས་ན་ཝ་སྐྱེས་བཞིན་དུ་འབྲོ་འམ།།

ཞ་ཉེ་ལྕགས་རྡོ་ལྟ་བུ་བརྩེ་སེམས་མི་འགྱུར་ཐུབ་བམ།།
ཟ་འཐུང་རྒྱས་སྤྲོ་མེད་ན་སེམས་ན་འགྱོད་པ་སྐྱེས་སམ།།
འ་ཅག་ཁྱོད་ལ་གང་དགོས་ངས་ཀྱང་གང་དུ་འཚོལ་ཆོག །
ཡ་ཆུང་འདོད་པ་ཆེ་ན་ཚང་མ་བདག་གིས་བསྐོང་དཀའ།།

ར་གན་གསེར་གྱི་ཁང་བ་ངེད་གཉིས་འཐོབ་པ་མེད་ཀྱང་།།
ལ་ལུང་གང་དུ་སོང་ཡང་ལུས་སེམས་མི་གྲང་ཐབས་ཤིག །
ཤ་ཟད་རུས་པར་ཐུག་ནས་ཤི་མ་གསོན་དུ་གྱུར་ཀྱང་།།
ས་འོག་དུར་དུ་མ་བཅུག་བདེ་ཐབས་སྐྱིད་ཐབས་ངས་བྱེད།།

ཧ་ཅང་དྲང་བའི་དྲི་བར་ལན་ཞིག་ཡོད་ན་བྲིས་ཤོག །
ཨ་ཙི་འདི་མོ་ཟེར་ནས་ངོ་ཚ་སྐྱེས་ན་གཡུགས་ཤོག །
ཧ་ཧ་ཧེ་ཧེ་ཟེར་ནས་གད་མོ་ན་གེ་ནོག་གེ །
ཨ་མའི་ཁོག་ནས་ཡོང་དུས་རང་གཤིས་དེ་འདྲ་ང་མེད།།

༢༧/༠༡/༡༥ སྔ་དྲོར།


ཀ་རྩོམ་དྲིས་ལན་དྲང་མོ།

འབའ་སྲས།

ཀ་རའི་ལག་རྟགས་སྟེར་ནི་མང་ཡང་བྱིན་བྱིན་གཉིས་ཀ་ལེན་གི་མེད།།
ཁ་ཡག་ངོ་དགའ་བཤད་ནི་མང་གི་སེམས་གཏམ་བཤད་ནི་ཁྱོད་འདྲ་དཀོན།།
ག་ས་གང་ནས་བུ་ཚ་དེ་ཚོས་མགོ་སྐོར་འཕྲིན་ཡིག་མང་མང་འབྱོར།།
ང་ལ་ངོ་མ་སྙིང་གཏམ་བཤད་ནི་ད་ཐེངས་ཐོག་མ་ཁྱོད་ལ་ཐུག །

ཅ་ཅོ་གཏམ་གྱི་ཉོག་བཤད་མ་རེད་བསམ་བློ་བཏང་ན་བདེན་པ་མང་།།
ཆ་མེད་མི་ཡི་སྐད་ཆ་མ་རེད་ཐག་ཉེ་ཞིག་གི་སྙིང་གཏམ་འདྲ།།
ཇ་ཞིག་འཐུང་ཞོར་ཡང་ཡང་བཀླགས་པས་ང་ཡི་སེམས་པ་དབང་མེད་དུ།།
ཉ་མོ་ཆུ་ལ་རྩེན་འདོད་བཞིན་དུ་ཁྱོད་ཀྱི་ཕྱོགས་སུ་འཁོར་འཁོར་བྱེད།།

ཏ་ཐ་གཱ་ཏ་གཏའ་མར་བཞག་ནས་ནམ་ཡང་མི་འགལ་མནའ་ཞིག་སྐྱོལ།།
ཐ་མ་རྔ་མ་རྫུན་དུ་གྱུར་ན་ང་རང་གཉིས་ཀ་ལན་ཆགས་ལྕི།།
ད་ལྟ་སྐྱིད་པོ་སྐྱིད་པོ་བཤད་ན་སུ་ཞིག་ཡིན་ཡང་སླ་ནི་རེད།།
ན་ཚོད་རྒས་ནས་རྒས་ནས་སོང་ན་ཕན་ཚུན་གཡུགས་ནི་མང་ནི་རེད།།

པ་མགོ་ཡིན་མིན་བརྩད་ཆོད་མི་བྱ་རྒྱུ་དང་འབྱོར་བ་མེད་ན་མེད།།
ཕ་བཟང་རིགས་བཟང་ཆོ་ག་མི་གཙོ་འགྱུར་མེད་བརྩེ་བ་ཡོད་པས་ཆོག །
བ་མ་བར་ནས་རྩེད་ཆས་མི་བྱ་སྙིང་གི་དཀྱིལ་དུ་བཟུང་བས་འགྲིག །
མ་བཟང་བུ་མོ་ཉམ་ཆུང་ང་ཡིས་བྱམས་ཤིང་བརྩེ་བ་ཁོ་ན་འདོད།།

ཙ་རི་བྲག་རི་བརྒལ་ནས་འགྲོ་དུས་སྒལ་བར་འཁུར་ནས་འགྲོ་མཁན་ཞིག །
ཚ་བའི་ཡུལ་ནས་ཚ་བས་བསྲེགས་དུས་གདོང་ལ་ཆུ་བསིལ་གཏོར་ནི་ཞིག །
ཛ་དྲག་ནད་ཀྱིས་གདུང་བའི་ཚེ་ན་ལག་པའི་མཐིལ་ནས་སྙོར་ནི་ཞིག ། 
ཝ་ལེར་བསམ་ཞིང་ཡང་ཡང་བསམས་ན་བུ་མོ་ང་ལ་འདི་དག་མཁོ།།

ཞ་ཡེ་གཉིས་རེ་གསུམ་རེ་སྐྱེས་ན་ཁྱད་པར་མེད་ལ་སྐྱོང་ནི་ཞིག །
ཟ་མ་བཟོ་ཤེས་ཁྱིམ་ཚང་སྐྱོང་ཤེས་སྔ་ལངས་ཕྱིས་ཉལ་བྱེད་ནི་ཞིག །
འ་ཆད་འུ་ཐུག་ང་ལ་མ་བྱས་ཕོ་ལོ་ཅུང་ཙམ་ཆེ་ན་ཆེ།།
ཡ་གི་ཁ་སྤུ་དཀར་བོར་གྱུར་ནས་བགྲེས་མདོག་ཁ་བོ་མཐོང་ན་མཐོང་།།

རྭ་ཅོ་ལྟ་བུའི་གཤིས་རྒྱུད་མི་གྱོང་བལ་བཞིན་གཤིས་ཀ་འཇམ་ཞིང་འཇམ།།
ལ་ཕུག་ལྟ་བུའི་ཉ་ལེ་ཉོལ་ལེ་མ་ཡིན་རིག་པ་གྲུང་རིག་རིག །
ཤ་དང་རུས་པ་སྡུག་གིས་མི་འཐོར་གང་ལ་ཐུག་ན་ལྕགས་འདྲ་འདྲ།།
ས་སྟེང་འདི་ན་ཁྱོད་ནི་ཡིན་ན་ང་ནི་ནམ་ཡང་ཁྱོད་ཀྱི་མི།།

ཧ་ཧ་ཀུ་རེ་རྩེད་མོ་མིན་ནོ་སེམས་དང་བསམ་པའི་སྐད་ཆ་ཡིན།།
ཨ་བོ་ཁྱོད་ཀྱིས་ང་ལ་བྲིས་པའི་ཀ་རྩོམ་དྲི་བའི་དྲིན་ལན་ཡིན།།
ཧ་ཅང་མང་བ་བཤད་རྒྱུ་ཡོད་མོད་ཧ་ལམ་འདི་ཙམ་འཐུས་པར་གྱིས།།
ཨ་བོ་ཁྱོད་ལ་དྲི་བ་ཡོད་ན་ཨ་ཅེ་ང་ལ་དྲིས་དང་ཆོག །

༢༨/༠༡/༡༥ ཕྱི་དྲོར།



Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།