ཀླུ་སྨྱོན་ཧེ་རུ་ཀ
22/07/2014 17:59 ཀླུ་སྨྱོན་ཧེ་རུ་ཀ
འབའ་སྲས།
ཡོན་ཏན་ནི་གསེར་ཡིན།།
རང་གཤིས་ནི་དུང་ཡིན།།
སྙན་ངག་ནི་གླུ་ཡིན།།
མི་རིགས་ཀྱི་བུ་ཡིན།།
སྙན་ངག་གི་རྒྱལ་བོ།།
སྒྲུང་རྩོམ་གྱི་མར་མེ།།
ཆོས་ལུགས་ཀྱི་བླ་སྲོག །
ཁྲིའི་སྟེང་གི་བླ་མ།།
མཐོ་དམན་ལ་བར་མེད།།
ཕོ་མོ་ལ་ཁྱད་མེད།།
བྱ་བྱི་ལ་འདང་ཆེ།།
མྱི་ཟོག་གི་ཕ་མ།།
ཁ་ནང་ནས་མི་བཤད།།
སྙུག་རྩེ་ནས་འོད་འཕྲོ།།
ལག་ལེན་གྱིས་ལྕོགས་མཁན།།
ཡིག་ཐོག་གི་དམིགས་བུ།།
ང་རྒྱལ་གྱི་གླེན་པ།།
ཁེངས་ཆུང་གི་མཁས་པ།།
སྐྱ་སེར་གྱི་བར་བ།།
གསར་རྙིང་གི་བླ་མ།།
ཡོན་ཏན་གྱི་ཕྱུག་པོ།།
རྒྱུ་ནོར་གྱི་དབུལ་བོ།།
མཛེས་མ་ཡི་བླ་འགུག །
ནོར་བཟང་གི་སྤྲུལ་བ།།
མཁས་པ་ཚོའི་གླེང་རོགས།།
ན་ཆུང་གི་སྐྱོ་རོགས།།
བྱིས་པ་ཚོའི་རྩེད་རོགས།།
ཚངས་རྒྱམ་གྱི་རྣམ་ཤེས།།
བོད་ཡུལ་གྱི་དགེ་སློང་།།
བལ་ཡུལ་གྱི་གཡོག་པོ།།
རྒྱ་གར་གྱི་མཁས་པ།།
ཨ་རི་ཡི་སྔགས་པ།།
སྔས་མགོ་ཡི་བླ་མ།།
ཕྱི་མ་ཡི་ལམ་ཡིག །
དགེ་སྡིག་གི་སློབ་དཔོན།།
ཧེ་རུ་ཀ་འདི་རེད།།
ཀླུ་སྨྱོན་ལ་བལྟ་ན།།
མིག་གསུམ་གྱི་མགོ་དགོས།།
བཙན་གྲོལ་ལ་བཤད་ན།།
སྲིད་པ་ཡི་ལྕེ་དགོས།།
བརྒྱ་བྱིན་གྱིས་ཨུ་མར།།
སྤྱན་སྟོང་གིས་བལྟས་མོད།།
ཀླུ་སྨྱོན་ལ་ལྟ་དུས།།
མིག་གསུམ་གྱིས་མཐོང་ཡོང་།།
༠༥/༡༠/༡༣
Sent from my iPhone
———
Back