ཁ་བརྡ་དྲ་བ་ཁྱོད་ཀྱི་གསང་སྤྱོད་མིན།

02/07/2012 12:35


ཁ་བརྡའི་རྩོམ་ཡིག་བཀླགས་ནས་ཡུན་རིང་འགོར།།
ཁ་བརྡར་སྙན་ངག་བསྐུར་ནས་ལོ་གཅིག་འདས།།
ཁ་བརྡར་མཆན་ཡིག་བཀོད་ནས་ཟླ་མང་ཕྱིན།།
ཁ་སྒང་བསམ་གཏན་ཁ་བརྡར་ཞེ་འདང་ཆེ།།

ཁ་བརྡ་དང་པོ་གསེར་གྱི་རི་བོ་འདྲ།།
ཁ་བའི་ལ་རྒྱའི་རྩོམ་ཡིག་འོད་ལམ་ལམ།།
ཁ་བརྡ་དེ་རིང་སྐྱག་པའི་གསང་སྤྱོད་འདྲ།།
ཁ་བརྡ་དྲ་བར་སྐྱག་དྲི་གྱི་ལི་ལི།།

ཁ་བརྡ་ལྟ་བུ་བཙན་བྱོལ་ཡུལ་ན་མེད།།
ཁ་བརྡ་ཁ་བ་ཅན་གྱི་གཅེས་ནོར་ཡིན།།
ཁ་བརྡ་དྲ་ངོས་ཁ་བརྡ་བཤད་ས་ལས།།
ཁ་འབུ་ཚོ་ཡི་སྐྱག་པ་གཏོང་ས་མིན།།

ཁ་མ་ཡོད་པའི་རྩོམ་ཡིག་རེ་རེའི་རྗེས།།
ཁ་ཕྱོགས་བཟང་བའི་དཔྱད་བརྗོད་རེ་རེའི་མཇུག །
ཁ་འབུ་ཚོ་ཡིས་སྐྱག་པ་བཏང་བ་ན།།
ཁ་བརྡ་དྲ་བ་ངོ་མ་གསང་སྤྱོད་ཅིག །

ཁ་ངོ་ཡིག་ངོ་ཆོད་ཙམ་སྐྱག་འབུ་ཚོ།
ཁ་བརྡ་དྲ་བ་ཁྱོད་ཚོའི་གསང་སྤྱོད་མིན།།
ཁ་ཞིག་གདངས་ན་སྐྱག་དྲི་བྲོ་བའི་ཚིག །
ཁ་བརྡར་དྲ་ངོས་འདི་ལ་མ་སྤེལ་རོགས།།

ཁ་བརྡ་དྲ་བ་ཁ་བ་ཅན་གྱི་དོན།།
ཁ་ཁོག་མེད་ལ་སྲོང་བོར་གླེང་ས་ལས།།
ཁ་ཡི་ཚིག་ལ་འགན་འཁུར་མེད་པ་ཡི།།
ཁ་འབུ་དྲ་འབུ་འཐབ་པའི་གཡུལ་ས་མིན།།

ཁ་བརྡར་ཡོང་ན་ཁ་ལ་བདག་པོ་རྒྱོབས།།
ཁ་མ་མེད་པའི་སྐད་ཆ་མ་བཤད་རོགས།།
ཁ་ནང་སྐྱག་དྲི་བྲོ་བའི་དྲ་འབུ་ཚོ།།
ཁ་བརྡར་མ་ཡོང་ཁ་རོགས་བསྡད་ན་ལེགས།།

ཁ་བརྡ་དྲ་བ་ཁ་སྒོ་མ་བརྒྱབས་ན།།
ཁ་སྒང་བསམ་གཏན་ཁ་རོགས་མ་བསྡད་ན།།
ཁ་བརྡ་དྲ་བར་འབབ་པའི་དྲ་འབུ་ཚོ།།
ཁ་རོགས་འཇོག་ན་ཁ་སྒང་བསམ་གཏན་མིན།།

ཁ་བརྡ་དྲ་བའི་དྲ་དཔོན་མིན་ན་ཡང་།།
ཁ་སྒང་བསམ་གཏན་ཁ་བརྡ་དྲ་བར་དགའ།།
ཁ་རོགས་མི་འདུག་དྲ་འབུ་སྐྱག་འབུ་ཚོ།།
ཁ་ཤ་སྙ་མ་མ་བཏང་མི་ཞིག་མིན།།

ཁ་རོགས་བསྡད་ན་ཁྱོད་བཟང་ང་བཟང་ཡིན།།
ཁ་རོགས་མི་འདུག་གེ་སར་ཁྲོ་ཐུང་ཡིན།།
ཁ་ལ་བདག་པོ་རྒྱོབས་དང་ཁ་རོགས་འཇོག །
ཁ་རོགས་མི་འདུག་ཟེར་ན་བཟང་ངན་བལྟ།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།