ཁྱེད་ཀྱི་མིང་ལ་ཅི་ཟེར།

22/07/2014 18:01


             ཁྱེད་ཀྱི་མིང་ལ་ཅི་ཟེར།
                     -གཅན་ཡུ་མོ་ལ་ཆེད་དུ་བྲིས།
འབའ་སྲས།

མལ་ཆས་ཁྲ་ཁྲ་འོག་གི་ན་ཆུང་མ།།
སྔས་མགོ་དཀར་དཀར་སྟེང་གི་སྙིང་རྗེ་མ།།
རུམ་ན་འཛུལ་ན་ཅི་འདྲའི་དྲོ་བ་ལ།།
འོ་ཞིག་བྱས་ན་ཅི་འདྲའི་ཞིམ་པ་ལ།།

མ་བྲིས་ལྷན་སྐྱེས་སྨིན་མ་ནག་ཅིང་སྟུག །
ཚོན་གྱིས་མ་བསྒྱུར་ཁ་སྒོ་ཆུང་ཞིང་དམར།།
ཅུང་ཟད་ཕྱེས་པའི་མིག་གིས་ལྟ་སྟངས་མཛེས།།
ཨ་རོགས་ན་ཆུང་ཁྱོད་ཀྱི་མིང་ལ་ཅི།།

ཕ་ལོས་བཏགས་པའི་མཚན་ལ་ཅི་ཞིག་ཟེར།།
མ་ལོས་འབོད་པའི་གཅེས་མིང་གང་ཞིག་ལགས།།
གྲོགས་དང་ན་ཟླས་ཁྱོད་མིང་གང་གིས་ཟློ།།
བདག་གིས་ཡིད་འཕྲོག་ལྷ་མོ་ཁྱེད་ལ་གསོལ།།

འཁོར་སྒྱུར་རྒྱལ་བོའི་སྲས་མོ་མིན་པར་སྨོན།།
དབང་ཆེན་དཔོན་པོའི་གཅེས་ཕྲུག་མིན་ན་འགྲིག །
རྒྱུ་ཆེན་ཕྱུག་པོའི་བུ་མོ་མིན་སོང་ན།།
གཉེན་ཞིག་སློང་གི་ཡོང་ནོ་ཁོ་ཐག་ཡིན།།

ངོ་ལ་བལྟས་ན་མེ་ཏོག་པདྨ་ཅན།།
མིག་ལ་བལྟས་ན་གདན་ཐོག་སྤུ་ལེན་རེད།།
ཁ་ལ་བལྟས་ན་བཙིར་རི་ཁ་བསྡམས་འདྲ།།
བ་རྙ་ཁ་ལུག་མིན་ནོ་ཁོ་ཐག་རེད།།

ཨོང་ཤ་ཆེ་ཆུང་མ་མཐོང་མི་ཤེས་ཤིང་།།
སྐེད་པ་ཕྲ་བ་མ་རེག་བཤད་དཀའ་ཡང་།།
བྲང་གི་འོ་འཛིན་མཉེན་ཞིང་ཟླུམ་པ་ནི།།
ཞལ་རས་རྒྱབ་ཀྱི་རྗེས་དཔག་ཚད་མས་སྟོན།།

ཕྱི་ཡི་ཉམས་ཀྱིས་ནང་གི་འགྱུར་བག་རྟོགས།།
རྟོག་འགྱུ་ཕྲ་མོས་ཕྱི་ཡི་རགས་པ་གསལ།།
ཕྱི་ནང་གཉིས་ཀའི་ཡོན་ཏན་ལྡན་པ་ཡི།།
མཛེས་མ་ཁྱེད་ནི་སུ་ཡི་ཚེ་རོགས་ཡིན།།

སྐྲ་ལོ་སྣེ་ཡིས་བཀབ་པའི་དཔྲལ་བའི་ངོས།།
སུ་དང་གང་གི་མིང་ཡིག་ཕབ་མེད་ན།།
བརྩེ་དུང་ངོ་མ་ཞིག་གི་ལག་བསྲིངས་ཏེ།།
མི་ཚེ་སྐྱིད་པའི་ཨ་ཡིག་བདག་གིས་འབྲི །

བདག་གི་སེམས་པ་ཁ་བཏགས་དཀར་དཀར་སྟེ།།
དྲི་མེད་ལྷ་དར་འདི་ཡི་སྣེ་མོ་རུ།།
ཁྱོད་དང་ང་ཡི་བརྩེ་བ་ཡོད་སྲིད་ན།།
འཁོར་བ་སྐྱིད་པའི་རླུང་རྟ་རི་ནས་བསྐུར།།

བླ་མར་ལུང་བསྟན་མཉམ་དུ་ཞུ་རུ་འགྲོ །
གྲྭ་བའི་མེ་ལོང་ནང་ལ་བལྟ་རུ་འགྲོ །
མི་ཚེ་འདི་ལ་མཐུན་པའི་ལས་ཡོད་ན།།
ཁྱོད་དང་ང་ཡི་གཟུགས་བརྙན་མཉམ་དུ་ཤར།།

པད་དཀར་ལོ་མ་ལྟ་བུའི་ཞལ་རས་འདི།།
མགྲིན་སྔོན་རལ་བ་མཛེས་པའི་ཟླ་ཕྱེད་འདྲ།།
བིམ་པ་དམར་བོའི་མཆུ་སྒྲོས་ཆུང་ཆུང་འདི།།
སྦྲང་ཆང་བདུད་རྩི་འཇོ་བའི་ཁ་སྒོ་འདྲ།།

མིག་གིས་བལྟས་ན་ལུས་ཀྱི་བ་སྤུ་གཡོ།།
ཡིད་ལ་སྒོམ་ན་སྙིང་གི་ན་ཚ་སེལ།།
འཆི་མེད་རིལ་བུ་འདྲ་བའི་སྨན་མཆོག་འདི།།
ང་ཡིས་བཏུང་ཐུབ་བྱུང་ན་ཨེ་མ་ཧོ།།

༠༤/༡༠/༡༣




Sent from my iPhone

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།