ཁྱེད་ནི་བདག་གི་ཡོད་ཚད་ཡིན།

22/07/2014 15:10

      ཁྱོད་ནི་བདག་གི་ཡོད་ཚད་ཡིན།


                   -  ཆུང་མར་བྲིས།


འབའ་སྲས།


སྐབས་གསུམ་དབང་བོའི་ཕོ་བྲང་ནི།།

འཆི་མེད་བུ་མོ་སྟོང་གིས་དང་།།

བདག་གི་ཁང་ཆུང་འདི་ལ་ནི།།

ཁྱོད་ནི་ཁོ་ན་སྒེག་པས་མཛེས།།


སི་ཏཱའི་བདག་པོས་སི་ཏཱའི་ཕྱིར།།

རྣམ་རྒྱལ་ཕོ་བྲང་རྩྭ་བཞིན་སྤངས།།

ཁོ་ཡིས་ཁྱེད་ཀྱི་ཕྱིར་དུ་ནི།།

ཁྱིམ་ཆུང་འདི་ནི་རྣམ་པར་བསྲུངས།།


དྲི་མེད་ཀུན་ལྡན་དགེ་བའི་དབང་།།

མིག་དང་ཆུང་མའང་གཞན་ལ་ཕུལ།།

བདག་གིས་བརྩེ་བའི་ཕྱིར་དུ་ནི།།

ལུས་དང་ཁྱིམ་ཚང་སྟེར་མི་བྱེད།།


བདེ་བྱེད་དག་ལ་བཙུན་མོ་སྟོང་།།

ཡོད་ཀྱང་ཡིད་ནི་ཚིམས་མི་བྱ།།

ང་ཡིས་ཁྱེད་ཀྱི་འཛུམ་མདངས་ཙམ།།

མཐོང་བ་འདི་ཡིས་ཆོག་པར་འཛིན།།


རཱ་མ་ཎ་ཡིས་དགའ་མའི་ཆེད།།

ལིངྒའི་ཡུལ་ལ་དམག་ཆེན་དྲངས།།

ཁོ་ཡིས་ཁྱེད་ཀྱི་དོན་དུ་ནི།།

འཚོ་བའི་གཡོག་ལ་དམག་བཞིན་རྒྱུགས།།


ནམ་ཞིག་ས་གཞི་འདར་བ་དང་།།

རི་བོ་དག་ནི་ཞིག་ཀྱང་རུང་།།

ཁྱོད་གཅིག་ཁོ་ཡི་འགྲམ་མཆིས་ན།།

བདག་ཉིད་བརྟེན་སའི་འཇིག་རྟེན་ཡིན།།


ཉིན་མོར་ཉི་མ་ནུབ་ཀྱང་རུང་།།

མཚན་མོར་ཟླ་བ་མ་ཤར་ཆོག །

བདག་གི་གཡས་དང་གཡོན་ཕྱོགས་ན།།

ཁྱོད་ནི་ཉི་མ་ཟླ་བ་ཡིན།།


དགུན་གྱི་ཁ་བ་མ་བབས་ཆོག །

ཁྱོད་ཀྱི་སེམས་པ་ཁ་བའི་ཡན།།

དཔྱིད་ཀྱི་མེ་ཏོག་རྒྱས་པས་ཅི།།

ཁྱོད་ཀྱི་འཛུམ་མདངས་འདབ་མ་ཡིན།།


དབྱར་སྐྱེས་ངག་གི་སྒྲ་ཡིས་ཅི།།

སྟོན་གྱི་འབྲས་བུ་དགོད་པས་ཅི།།

ཁྱོད་ནི་དུས་ཚིགས་བཞི་བོ་ཡི།།

མངོན་དུ་འཕགས་པའི་འབྲས་བུ་ཡིན།།


འཇིག་རྟེན་འདི་ན་དགོས་པ་དག །

ཁྱོད་ཀྱི་སྟེང་ན་ཡོད་པ་འདྲ།།

དེ་བས་ཁྱོད་ནི་བདག་གི་ནི།།

ཡོད་ཚད་ཡིན་ཞེས་བསྒྲགས་པ་འོ།།



༠༩/༠༥/༡༤ ཕྱི་དྲོར།




Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།