ཁྱེད་ལ་སྤྲིངས་པའི་བརྩེ་འཕྲིན་ཐོག་མ།

12/03/2013 14:29

 

   ཁྱེད་ལ་སྤྲིངས་པའི་བརྩེ་འཕྲིན་ཐོག་མ།
 

ཞལ་རས་མཇལ་ནས་ཟླ་བ་གཅིག་ལ་ཉེ།།

གསུང་སྐད་མ་ཐོས་བདུན་ཕྲག་གསུམ་ཙམ་འགོར།།
ཡིག་འབྲེལ་ཙམ་ལས་གསུང་སྐད་མ་ཐོས་ན།།
ཉིན་མ་གང་པོར་སེམས་པ་སྟོང་བ་རེད།།
 
སྐད་ཆ་བཤད་པའི་འདོད་པ་ཨེ་ཡོད་དམ།།
མཛའ་གྲོགས་བསྒྲིག་ལ་མོས་མཐུན་ཡོད་དམ་ཅི།།
ཡོད་ན་མེད་མདོག་བསྟན་ནས་དུས་མ་སྐྱེལ།།
མི་ཚེ་འདི་ཡིས་ངེད་གཉིས་སྒུག་མི་སྲིད།།
 
མི་ཚེ་ཞིག་གི་ཁ་ཕྱོགས་ཁྱོད་ལ་ཡོད།།
བརྩེ་བ་ཞིག་གི་རྒྱབ་མདུན་ང་ལ་མཆིས།།
གཅིག་གི་དོན་དུ་གཅིག་ཤས་གཏོང་དགོས་པ།།
བྱིས་དུས་ཙམ་ནས་བདག་གི་ཡིད་ལ་འཁོར།།
 
བློས་གཏོང་ཆེན་པོའི་འགག་རྡོ་ཁྱོད་ལ་མེད།།
ངེད་གཉིས་བསྡུར་ན་དོར་རྒྱུ་ང་ལ་མང་།།
མང་བ་དོར་ཐུབ་བློ་སྤོབས་ང་ལ་ཡོད།།
ཆུང་ཆུང་དོར་བར་ངང་སྐྲག་ཁྱོད་མ་སྐྱེས།།
 
ཁ་ཡག་བཤད་མཁན་ཚང་མ་མཛའ་གྲོགས་མིན།།
འཕྲིན་ཡིག་འབྱོར་བ་ཐམས་ཅད་བརྩེ་བ་མིན།།
མིག་ཆུས་ཡི་གེ་བྲིས་པའི་མཛའ་འཕྲིན་ཞིག །
ད་བར་ཁྱེད་ལ་འབྱོར་ཡོད་འཕྱང་མོ་ཉུག །
 
སྡུག་ནས་མིག་ཆུ་ཤོར་བ་ང་ལ་མེད།།
སྐྱོ་ནས་ངུ་སྐད་འདོན་པ་བདག་ལ་དཀའ།།
དགའ་ནས་མིག་ཆུ་ཤོར་བའི་ཐིགས་པ་འདི།།
ཁྱེད་ལ་ཕུལ་བའི་བརྩེ་འཕྲིན་དང་པོ་ཡིན།།
 
མཛེས་མའི་ལང་ཚོ་རྒྱས་པ་མང་མང་མཐོང་།།
སྙན་པའི་སྐད་ཆ་ཐོས་པ་ཉུང་ཉུང་མིན།།
ལང་ཚོར་མ་རེག་སྙན་པའི་སྐད་མ་གོ།།
ཁྱེད་རང་གཅིག་བུ་ལྷག་ཡོད་ཁྱེད་ལ་དགའ།།
 
ལང་ཚོ་ཙམ་ལ་བདག་གིས་ཁྱིམ་མི་གཏོང་།།
ཁ་ཡག་དོན་ལ་རང་ཉིད་བརླག་མི་བྱེད།།
སྙིང་གི་ངོས་སུ་རི་མོ་སུས་བྲིས་ན།།
བདག་གི་ཐོད་པའི་ཁ་ཡིག་དེ་ལ་འབྲི།།
 
མདུན་ན་ཆུང་མ་རྗེས་ན་བུ་ཕྲུག་གི །
ཕ་རྒན་ཞིག་གིས་ལོ་ཆུང་བུ་མོ་ཁྱོད།།
དགའ་ནས་ངུ་བཞིན་བྲིས་པའི་སྙན་ངག་འདི།།
གཞན་གྱིས་མཐོང་ན་དགོད་ཅིང་འཕྱ་ཡང་སྲིད།།
 
ང་ལ་མཚོན་ན་འདི་དག་ཅི་ཡང་མིན།།
དགོད་ཅིང་འཕྱ་བ་སེམས་པའི་རྣམ་རྟོག་ཙམ།།
རང་ཉིད་མ་འཕྲད་རང་གིས་མི་ཤེས་པའི།།
བསླབ་བྱ་འདི་ནི་མཁས་བླུན་ཁ་ན་ཡོད།།
 
དགའ་སར་ཐུག་ན་དགའ་བ་མངོན་གྱུར་དགོས།།
ལྐོག་གྱུར་རིག་པས་མངོན་སུམ་སྟེར་མི་བྱེད།།
ལྐོག་ཏུ་གནས་པའི་འདོད་པ་བདག་ལ་མེད།།
མངོན་སུམ་མིག་མཐོང་ཞིག་ལ་རེ་བ་ཆེ།།
 
བོང་བུས་སྟག་ལྤགས་གྱོན་ལ་དགའ་བོ་མེད།།
སྟག་གིས་ཝ་རྔ་འདྲུད་ལ་ལྟ་འདོད་མེད།།
ཕྱི་ནང་གཉིས་ཀྱི་ཁ་དོག་ངོ་མ་དེ།།
བལྟ་འདོད་ཡོད་ལ་གཞན་ལ་སྟོན་འདོད་མཆིས།།
 
དེས་ན་ཁྱོད་ཀྱང་དགའ་ན་དགའ་ཞེས་གསུངས།།
མི་ཚེ་གོ་རིམ་ཐད་ལ་གྲོས་ཁ་བྱེད།།
འགྲིག་གི་འདོད་ན་ཆ་འགྲིག་ཡང་འགྲིག་བྱེད།།
མི་འགྲིག་བསམས་ན་བདེ་མོ་འདི་ནས་འཇོག །
 
མཐའ་མའི་བདེ་མོ་མ་འཇོག་མི་ཚེ་རིང་།།
མྱུར་ཏུ་ཐག་གཅོད་མ་བྱེད་བསམ་བློ་ཐོངས།།
ཕྱག་གཉིས་སྙིང་ཁར་བཞག་ནས་ཐུགས་སེམས་བཞེས།།
ངང་ཐུང་འབད་པས་བྱ་བ་མཐར་མི་ཕྱིན།།
 
བདག་གི་འདས་སོང་ལོ་རྒྱུས་ཁྱོད་ཀྱིས་ཀློགས།།
ད་ལྟའི་གནས་སྟངས་ཐད་ལ་ཞིབ་འཇུག་བྱོས།།
འདས་པའི་ལོ་རྒྱུས་ནག་པོ་བདག་ལ་མེད།།
ད་ལྟའི་གནས་སྟངས་འདི་ཡང་སྐྱོ་བོ་མིན།།
 
བསམ་ཞིང་བསམས་ན་ཐག་གཅོད་ཁྱོད་ལ་དཀའ།།
ཁྱིམ་ཚང་དོར་ན་ཉེས་པ་བདག་ལ་ཆེ།།
རང་བཙན་དོན་ལ་རང་སྲོག་མེ་རུ་བསྒྲོན།།
ཆུང་ཆུང་དོར་ལ་འཇིགས་སྐྲག་ཅི་ལ་སྐྱེས།།
 
རང་གི་མངོན་འདོད་དེ་ནི་ཆེན་པོ་སྟེ།།
དེ་ཡི་དོན་ལ་ཆུང་བ་བློས་གཏོང་དགོས།།
ཆུང་བ་གཉེར་ཏེ་ཆེན་པོ་སྤང་བྱས་ན།།
མི་ཚེ་གང་བོར་འགྱོད་པའི་དོང་ལ་ལྷུང་།།
 
མི་ཚེ་མི་འགྱོད་ལམ་ཞིག་མཉམ་དུ་འཚོལ།།
ཉེས་པ་མི་འབྱུང་ཐབས་ཤིག་མཉམ་དུ་འཐེན།།
འདོད་དོན་འགྲུབ་ཅིང་གཞན་ལ་མི་རྩུབ་པའི།།
བཀྲ་ཤིས་སྨོན་ལམ་ཞིག་གི་འཕྲིན་འདི་སྤྲིངས།།
 
༡༠/༠༣/༡༣
Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།