ཁྱེད་ལ་སྤྲིངས་པའི་བརྩེ་འཕྲིན་མཐའ་མ།
29/03/2013 12:18ཁྱེད་ལ་སྤྲིངས་པའི་བརྩེ་འཕྲིན་མཐའ་མ།
བརྩེ་འཕྲིན་ཐོག་མ་དེ་ཡིས་སྤྲིན་ནག་མདུད་པ་གྲོལ།།
དུངས་སེམས་བདེན་པ་དེ་ཡིས་ནགས་ཀློང་ཤིག་ཤིག་བསྒུལ།།
རེ་བ་གསོན་པོ་དེ་ཡིས་མེ་ཏོག་ལྷག་ལྷག་བཞད།།
ཕྱིར་ལན་གནང་བ་དེ་ལ་སླར་ཡང་འཕྲིན་འདི་འབྲི།།
བརྩེ་བ་དབང་ཆེན་ཡིན་ཞེས་འཕྲིན་དེ་བདག་ལ་འབྱོར།།
ང་ལ་འགྱུར་བ་མེད་ཅེས་བྲིས་པའི་ཡི་གེ་བཀླགས།།
ཁྱེད་ཀྱི་སྐད་ཆ་རེ་རེར་མཚན་གང་བསམ་བློ་བཏང་།།
མཐའ་མར་ཐག་གཅོད་ཟིན་པའི་སྐད་ཆ་དྲང་མོར་བཤད།།
རྡོ་ལ་རི་མོ་བརྐོས་པའི་དུངས་པ་བདག་ལ་མཆིས།།
རྡོ་བརྐོས་ཀ་རྡོ་བྱེད་པའི་རེ་བ་ང་ལ་ཆེ།།
རྗེ་བཙུན་སྒྲོལ་མ་བཞུགས་སའི་ལྷ་ཁང་གཏོར་བའི་ཤུལ།།
མཆོད་ཁང་གསར་བ་བརྒྱག་པའི་སྙིང་སྟོབས་བདག་ལ་ཞན།།
ད་ནི་བདག་གི་སྙིང་འདི་ཡ་ཆུང་བཙོན་ལ་འཇུག །
མིག་གི་མཆི་མ་འདི་ཡང་བཙན་གྱིས་ཁོག་ལ་འདྲེན།།
དགའ་བའི་སྙིང་གཏམ་ཡོད་ཚད་མགྲིན་པའི་མཚམས་ནས་འགོག །
ཁྱོད་ནི་མདུན་ན་ཡོད་ཀྱང་མེད་པའི་སྣང་བ་འཛིན།།
ལོ་དང་ལོ་ལ་འགྲོགས་པའི་དཀའ་སྡུག་མཉམ་མྱོང་མེད།།
ཤ་དང་ཁྲག་ལས་སྐྱེས་པའི་བུ་ཡི་འབྲེལ་ཐག་མེད།།
ཁྲིམས་ཀྱིས་ཐམ་ཀ་བརྒྱབས་པའི་གཉེན་སྒྲིག་ཡི་གེ་མེད།།
ཆགས་ཞེན་ཐག་པ་བཅད་ན་ངེད་གཉིས་ཅི་ཡང་མེད།།
བརྩེ་འཕྲིན་མཐའ་མ་འདི་ཡིས་ཁྱེད་ལ་ཡ་མཚན་བསྐྱེད།།
ཡི་གེ་ནག་ཆུང་རེ་རེས་ཁྱེད་ཀྱི་མིག་ཆུ་འདྲུད།།
ཁྲེལ་མེད་སེམས་མེད་འདོད་ནས་ང་ལ་སྡང་བར་བྱེད།།
འོན་ཀྱང་ཞིབ་ཏུ་སོམས་དང་ཁྱེད་ལ་གྱོང་རེག་མེད།།
ང་དང་ཁྱོད་ཀྱི་བར་ན་ལོ་ཡི་ཆེ་ཆུང་མཆིས།།
ཁྱོད་ཀྱི་མཛེས་པའི་ལང་ཚོ་དར་ལ་བབ་མ་ཐག །
བདག་གི་སྐྲ་འདབ་དཀར་ནས་ལོ་ངོ་ཁ་ཤས་འགོར།།
གང་ནས་བལྟས་ཀྱང་ང་ནི་ཁྱོད་ལ་འཚམ་པ་མིན།།
ཁྱོད་ལ་བརྩེ་བའི་དབང་གིས་བདག་གི་བརྩེ་བ་བསུབས།།
ཁྱོད་ལ་དགའ་བའི་དབང་གིས་དགའ་བའི་འབྲེལ་ཐག་བཅད།།
ཁྱོད་ཀྱི་བདེ་སྐྱིད་ཕྱིར་དུ་བདག་གིས་སྡུག་བསྔལ་འཛིན།།
ཁྱོད་ཀྱི་མི་ཚེ་ཕྱིར་དུ་བསྲིངས་པའི་ལག་པ་བསྐུམས།།
འདི་ནི་ཁྱེད་ལ་དགའ་བའི་བརྩེ་བ་ངོ་མ་དང་།།
དུངས་སེམས་གཅིག་ལ་བརྐོས་པའི་དྲང་གཏམ་བདེན་པ་སྟེ།།
བདེན་པ་ཡིད་ཆེས་བྱོས་དང་མི་ཚེ་མཐའ་ལ་སྐྱིད།།
སེམས་པ་སྐྱོ་སྐྱོ་མ་གནང་དེ་རིང་ཉིན་མ་ནས།།
འཕྲིན་ཡིག་རྗེས་མ་མ་བསྐུར་བདག་གི་སེམས་པ་སྡུག །
སྐྱོ་གདུང་ཡི་གེར་མ་འབྲི་བདག་ཀྱང་དེ་བས་སྐྱོ།།
བདག་གི་མིག་མཐའི་མཆི་མ་སྐམ་པར་ཁྱོད་འདོད་ན།།
དང་པོར་ཁྱོད་ཀྱིས་བཞིན་གྱི་འཛུམ་མདངས་བདག་ལ་སྟོན།།
༢༦/༠༣/༡༣
Tags:
———
Back