ཁྱོད་ཚོ་བདེ་མོ་ཡིན་ནམ།

02/03/2012 21:40

སྐུ་དབང་ཆ་ཚང་དམངས་ལ་སྤྲད་མཚམས་ཤིག་ནས།།
ཚེ་སྲོག་མང་པོའི་མེ་དཔུང་འབར་མཚམས་འདི་ནས།།
གཞོན་སྐྱེས་བཀའ་ཁྲིར་བཞུགས་པའི་བློ་བཟང་སེང་གེ །
ཞི་རྒོལ་ཐབས་ཇུས་མ་ཟད་བདེ་མོ་ཡིན་ནམ།།

བོད་དོན་མི་ལ་བཤད་ན་མིག་ཆུ་ཤར་ཤར།།
སྤྱི་དོན་ཁ་ཡི་བསྒྲུབས་ན་གསུང་སྐད་ལྷང་ལྷིང་།།
ལོ་མང་སྤྱི་འཐུས་གནང་བའི་རྒྱ་རི་སྒྲོལ་མ།།
མིག་ཆུ་བཞུར་མཚམས་མ་ཆད་བདེ་མོ་ཡིན་ནམ།།

རང་བཙན་གཙང་མའི་རྒྱལ་ཁ་མ་ཐོབ་པས་ན།།
དབུ་མའི་ལམ་ནས་བོད་རྒྱ་འགྲིག་མཐུན་བྱུང་ཡང་།།
བོད་ལ་མི་ལོག་ཨ་རིར་འགྲོ་རྒྱུ་ཟེར་མཁན།།
ཀརྨ་ཆོས་འཕེལ་མ་བཟི་བདེ་མོ་ཡིན་ནམ།།

ལོ་རྒྱུས་ཡིག་ཆ་བཙལ་ནས་ལོ་མང་འགོར་ཞིང་།།
རང་བཙན་ལྟ་བ་བཤད་ནས་མཁས་མིང་ཐོབ་པ།།
ལོ་རྒྱུས་མ་གཏོགས་ཅི་ཡང་ཁས་ལེན་མེད་མཁན།།
འཇམ་དབྱངས་ནོར་བུ་མ་བགྲེས་བདེ་མོ་ཡིན་ནམ།།

རང་བཙན་ལྟ་བ་འཁྱེར་ནས་ཟས་བཅད་ངོ་རྒོལ།།
ཁྱོད་ཀྱིས་བྱེད་རོགས་བྱོས་ཞེས་གཞན་ལ་སྐུལ་མཁན།།
དབུ་མའི་ལམ་དུ་བགྲོད་ལ་ཨ་ཐང་ཆད་པའི།།
ཚེ་དབང་རིག་འཛིན་མ་ལྟོགས་བདེ་མོ་ཡིན་ནམ།།

ཁོང་ཁྲོ་ཆེན་པོའི་ངང་ནས་གཏམ་བཤད་རྫིག་པོ།།
བཤད་ཀྱིན་བཤད་ཀྱིན་ལག་པ་གནམ་ལ་འཕྱར་ཏེ།།
རྒྱ་ནག་རྒྱལ་དར་རྒྱ་གར་ཡུལ་ནས་བསྲེགས་མཁན།།
དོན་འགྲུབ་ལྷ་དར་མ་འཚིག་བདེ་མོ་ཡིན་ནམ།།

ཡ་ཆུང་ཤ་ཡི་ཁོག་ལ་ལྕགས་ཀྱི་སྙིང་ལྡན།།
དུང་སོ་སུམ་ཅུ་བར་ན་སྦྲུལ་གྱི་ལྕེ་ཐོག །
བོད་མིའི་སྒྲིག་འཛུགས་ཁོངས་ནས་གཞན་ལ་ཐོན་མཁན།།
ཀླུ་མཁར་བྱམས་ཁྱོད་མ་བསད་བདེ་མོ་ཡིན་ནམ།།

རང་བཙན་མ་ཐོབ་པར་དུ་ཐོད་པའི་རས་དམར།།
ནམ་ཡང་ལེན་གི་མིན་ཞེས་དམ་བཅའ་བརྟན་པོ།།
དབྱིན་ཇི་རྩོམ་པ་པོ་ཞེས་མཁས་མིང་འཛིན་པ།།
བསྟན་འཛིན་བརྩོན་འགྲུས་མ་ངུ་བདེ་མོ་ཡིན་ནམ།།

འདི་ལྟར་བརྗོད་པའི་བློ་ཁོག་བདག་ལ་མེད་ཀྱང་།།
མེ་ལྕེ་ལྷབ་ལྷུབ་འབར་བའི་གྲོང་ཁྱེར་ཞིག་ནས།།
དཔའ་བོ་བཅུ་ཕྲག་ཅིག་གི་རྣམ་ཤེས་གསོན་པོས།།
ཁོང་ཚོར་བདེ་འཚམས་དྲིས་ཞེས་ནན་གྱིས་སྐུལ་སོང་།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།