ཁྱོད། ངའི་སེམས་ཁོང་གི་སྙིང་།
01/07/2013 21:19ཁྱོད། ངའི་སེམས་ཁོང་གི་སྙིང་།
ལྡུམ་རའི་མེ་ཏོག་མཛེས་ཤིང་དགོད།།
ཟླ་བ་སྐར་མ་གསལ་ཞིང་ཆེམ།།
ཕྱི་རོལ་རླུང་བུ་ལྡང་བ་བསིལ།།
འདི་དག་ཚང་མ་ཁྱོད་ལས་དམན།།
ཁུ་བྱུག་ནགས་ནས་གྲགས་པ་སྙན།།
རྨ་བྱའི་སྒྲོ་གདུགས་བཀྲ་བ་མཛེས།།
རྫ་ཆུ་ལྷིང་ལྷིང་བཞུར་བ་འཇེབས།།
འདི་དག་ལས་ཀྱང་ཁྱོད་ནི་འཕགས།།
ཟླ་བ་དཔེ་རུ་འདྲེན་པ་བླུན།།
པད་མར་མཚུངས་པར་བརྗོད་པ་ལྐུགས།།
ཁྱོད་ཀྱི་དཔེ་ལ་ཁྱོད་ཉིད་ལས།།
གཞན་ཞིག་བདག་གིས་གང་དུ་འཚོལ།།
སྐབས་གསུམ་ལྷ་མོའི་ཚོགས་ཤིག་ན།།
ཐིག་ལེ་མཆོག་མ་མཛེས་སོ་སྐད།།
ང་ཡི་མཛེས་མ་ཁྱོད་ཤོག་དང་།།
ངེད་གཉིས་དེ་ལ་འགྲན་དུ་འགྲོ །
མཚོ་འོག་ཀླུ་ཡི་ཕོ་བྲང་ན།།
འགྲན་མེད་ཀླུ་རིགས་ན་ཆུང་མ།།
སྒེག་དང་ཉམས་ཀྱིས་ཁེངས་སོ་ཐོས།།
བདེན་ནམ་ངེད་གཉིས་བལྟ་རུ་འགྲོ །
ལུས་ཀྱི་ཤུགས་ལ་བརྟེན་པ་ཡིས།།
མི་ཞིག་གནམ་ལ་འཕུར་བ་མེད།།
ཁྱོད་ནི་བདག་གི་སྲོག་གྱུར་པས།།
ད་ནི་ཉི་ཟླ་འཛིན་དུ་འགྲོ །
འཇིགས་པའི་ཚེ་ན་དཔའ་ངར་དང་།།
འཁུམ་པའི་ཚེ་ན་སྟོབས་སྦྱིན་མཁན།།
བརྩེ་དུང་ལས་ལྷག་གཞན་མེད་པས།།
ད་ནི་མཚོ་ཆེན་དཀྲུག་ཏུ་འགྲོ།།
བརྩེ་སེམས་ལྕགས་སྐུད་སྲ་ཞིང་མཁྲེགས།།
དམ་བཅའ་མདུད་པ་བཅུན་ཞིང་དམ།།
ཆད་དང་འཇིག་པ་ཡོད་མིན་པས།།
ད་ནི་བྲག་གཟར་ལམ་དུ་བྱེད།།
སྐོམ་པའི་དུས་སུ་བསིལ་བའི་ཆབ།།
བཀྲེས་པའི་ཚེ་ན་རྒྱགས་པའི་ཟས།།
གྲང་པའི་ཕུང་བོར་དྲོན་པོའི་གོས།།
མེད་ཀྱང་ཁྱོད་རང་ཡོད་པས་ཕྱུག །
དགུན་གྱི་དུས་སུ་དབྱར་ལ་རེ།།
སྟོན་འགོ་ཚོས་དུས་དཔྱིད་ལ་འཁྲེང་།།
བདག་ལ་དུས་ཀྱི་དབྱེ་བ་བྲལ།།
ཁྱོད་ནི་སྙོམས་པའི་དུས་ཚིགས་བཞི།།
དཔྱིད་ཀྱི་གསར་སྐྱེས་མྱུ་གུའི་གྲོགས།།
དབྱར་གྱི་མེ་ཏོག་བཞད་པའི་ཟླ།།
སྟོན་གྱི་འབྲས་བུ་སྨིན་པའི་སྤུན།།
དགུན་གྱི་ཁ་བའི་རང་མདངས་ཁྱོད།།
མི་ལས་ལྷ་མོ་མཛེས་པར་བཤད།།
རིགས་ཀྱིས་དགར་ན་མི་ནི་དམན།།
འོན་ཀྱང་ཁྱོད་ཉིད་འདི་ལྟར་ན།།
ལྷ་མིའི་མིང་ཡང་ལྡོག་པར་རིགས།།
མཛེས་པའི་ལང་ཚོ་ཁོ་ན་ཡིས།།
བདག་གི་སེམས་པ་རྙོགས་མ་གྱུར།
ཆུ་དང་འོ་མ་འདྲེས་པ་ཡི།།
མཐུན་པ་སྙིང་ལ་འཁྱིལ་འདིས་ཀྱང་།
ཕ་ཡུལ་རིང་བའི་ས་མཐའ་རུ།།
ངོ་ཤེས་ཉུང་བའི་མི་ཚོགས་འདིར།།
དགའ་བ་སུས་ཀྱང་མི་སྟེར་མོད།།
ཁྱེད་ཉིད་ཡོད་པས་སེམས་པ་སྐྱིད།།
ཨ་མའི་བྱམས་བརྩེ་ཡིད་ལ་འཁོར།།
ཕ་ལོའི་བསླབ་བྱ་དྲན་ངོར་གསལ།།
ཕུ་ནུ་བརྩེ་བ་མ་འགྱུར་དམ།།
ཁྱོད་དང་ཁོང་ཚོ་ང་ལ་གཅིག །
ཡུན་རིང་འགྲོགས་པའི་གོམས་འདྲིས་མེད།།
ཁྱིམ་གཅིག་སྡོད་པའི་ཁྱོ་ཤུག་མིན།།
འོན་ཀྱང་ཁྱེད་ཀྱི་བརྩེ་བ་དང་།།
ཤ་ཚ་དེ་ཡིས་བདག་ལ་བྱམས།།
བརྩེ་དུང་འོད་ཀྱིས་འཁྱུད་པ་ཡི།།
བདག་གི་སྙིང་གི་པད་མོ་འདི།།
ཁྱོད་ཀྱི་གདོང་གི་འཛུམ་མདངས་བཞིན།།
མ་ཤི་བར་དུ་གནས་པར་འདོད།།
མདོར་ན་མཛེས་པས་བཅུན་པ་དང་།།
བརྩེ་དུང་ཐག་པས་བསྡམས་པ་ཡི།།
བདག་གི་ཚེ་སྲོག་ཆུང་ཆུང་འདི།།
ཁྱོད་ཀྱི་སྲོག་དང་བསྡོས་ཏེ་འགྲོ །
༢༤/༠༦/༡༣
Tags:
———
Back