གཅེས་ཕྲུག་ལོ་བདུན་སོན་པར་སྙན་ངག་འབྲི།

17/03/2013 19:40

གཅེས་ཕྲུག་ལོ་བདུན་སོན་པར་སྙན་ངག་འབྲི།

 
དང་པོར་ཨ་མའི་མངལ་དུ་སྦྲུམ་དུས།།
བྱ་སྒོང་བཞིན་དུ་རུམ་པའི་གཅེས་ལོ།།
ཨ་ཕའི་ལག་མཐིལ་དང་པོར་བསླེབས་དུས།།
དུང་དཀར་ཕྱིས་ཕྱིས་བྱས་པའི་ལོ་ལོ།།
 
ཨ་ཕའི་རུས་རྐང་ཐབས་ཀྱི་སྡོང་བུ།།
ཨ་མའི་ཁྲག་རྒྱུན་ཤེས་རབ་མར་ཁུ།།
ལུས་ཀྱི་ཀོང་བུར་མཉམ་དུ་བཞེས་པའི།།
བུ་ཕྲུག་འཚར་ལོངས་འོད་སྣང་འཕྲོ་འཕྲོ།།
 
ལོ་གཅིག་ལོ་གཉིས་རིམ་གྱིས་འདས་ཏེ།།
དེ་རིང་ལོ་བདུན་ཁ་ལ་སོན་སོང་།།
ལོ་བདུན་འཁོར་བའི་ཉིན་མ་དང་པོར།།
ཨ་ཕས་ཁྱོད་ལ་སྙན་ངག་འབྲི་འོ།།
 
གོམ་པ་བདུན་སྤོས་ཤུལ་དུ་མེ་ཏོག །
འཁྲུངས་པའི་ངོ་མཚར་ལྟད་མོ་མེད་ཀྱང་།།
ལྷན་སྐྱེས་སྤྱང་གྲུང་རིག་པ་འབར་བས།།
ཨ་ཕའི་སེམས་པ་དྲོད་ཀྱིས་ཁེངས་ཡོད།།
 
བུ་གཅིག་རྗེས་སུ་སེམས་འཁུར་མང་བའི།།
མིག་ཆུ་ཕ་མ་རྣམས་ལ་མང་ཡང་།།
བུ་ཁྱོད་སྐྱེས་ནས་དེ་རིང་བར་དུ།།
ཕ་མའི་གདོང་པ་འཛུམ་གྱིས་ཁེངས་ཡོད།།
 
ཨ་ཕའི་ཡ་ཆུང་ཁོག་གི་ཉི་མ།།
ཨ་མའི་ཁྲ་ཆུང་མིག་གི་ཟླ་བ།།
ཨ་ཅེ་ཕུ་བོའི་སེམས་ཀྱི་སྐར་ཆེན།།
ཨ་ཕའི་གཅེས་ལོ་འོད་སྣང་ཆེམ་ཆེམ།།
 
ཨ་མ་འདྲ་བའི་སེམས་པ་བཟང་པོ།།
ཨ་ཕ་འདྲ་བའི་རང་བཞིན་དྲང་བོ།།
ཨ་ཅེ་འདྲ་བའི་རང་ཚིགས་བརྟན་པོ།།
ཨ་ཇོ་འདྲ་བའི་སྤྱང་གྲུང་ལྡན་འདུག །
 
བོད་རིགས་ཉུང་ཞིང་རྒྱལ་ཁབ་ཆེ་བ།།
བོད་སྐད་བཤད་པའི་ཁོར་ཡུག་ཆུང་ཡང་།།
རང་ཉིད་བོད་རིགས་ཡིན་པའི་ངོ་གདོང་།།
སྲོག་ལ་ཐུག་ཀྱང་མ་དོར་གཅེས་ལོ།།
 
བོད་པ་ཡིན་ཡང་བོད་ངོ་མི་ཤེས།།
སྐད་ཆ་ཤེས་ཀྱང་བོད་སྐད་མི་ཤེས།།
ཕ་རྒྱུད་མ་རྒྱུད་གཞན་ལ་བསྒྱུར་མཁན།།
དགྲ་བོ་དེ་འདྲ་མ་བྱེད་གཅེས་ལོ།།
 
རིགས་རྒྱུད་གཙང་མ་ལུས་ལ་ལྡན་དགོས།།
དབྱངས་གསལ་སོ་བཞི་ངག་ལ་འབྱོར་དགོས།།
ཡ་རབ་སྤྱོད་བཟང་ཡིད་ལ་འཇགས་དགོས།།
བོད་རིགས་ཤིག་གི་ངོ་བོ་མཚོན་དགོས།།
 
དེ་རིང་ཁྱོད་ཀྱིས་ལོ་བདུན་སྐྱེས་སྐར།།
བསུ་ཕྱིར་ཁྱོད་ཀྱི་གྲོགས་པོ་ཆུང་ཆུང་།།
མགྲོན་དུ་བོས་མེད་བརྔན་པ་ཉོས་མེད།།
ཨ་ཕས་ཁྱོད་ལ་སྙན་ངག་འབྲི་ཆོག །
 
གླང་ཤ་བཙོས་ནས་མགྲོན་པོ་བོས་མེད།།
བྱ་ཤ་བསྲེགས་ནས་མདུན་ཅོག་བསྒྲིགས་མེད།།
ཆང་རག་ཉོས་ནས་རྒྱས་འཛོམས་བྱས་མེད།།
ཨ་ཕས་ཁྱོད་ལ་སྙན་ངག་འབྲི་ཆོག །
 
དཔའ་བོ་རལ་གྲི་ཅན་གྱི་འཁྲུངས་སྐར།།
བླ་མ་བྱིན་བརླབ་ཅན་གྱི་འཁྲུངས་སྐར།།
རྒྱུ་དང་འབྱོར་བ་ཅན་གྱི་འཁྲུངས་སྐར།།
འཁྲུངས་སྐར་རྒྱས་འཛོམས་དེ་འདྲ་མ་ནུས།།
 
མཆོད་པ་བདུན་ཚར་འཕྲེང་དུ་བཤམས་ཡོད།།
ལོ་བདུན་སྐྱེས་སྐར་མཚོ་ཡིས་བསུས་ཡོད།།
མཆོད་མེ་རྐང་གཅིག་མེ་རུ་བསྒྲོན་ཡོད།།
མི་ཚེ་གཅིག་པོ་འོད་ཀྱིས་བསུས་ཡོད།།
 
ལུས་ལ་ནད་མེད་བདེ་བའི་རྟེན་འབྲེལ།།
ངག་ལ་དབྱངས་རྟ་འཁྱིལ་བའི་རྟེན་འབྲེལ།།
སེམས་ལ་སྡུག་བསྔལ་མི་འབྱུང་རྟེན་འབྲེལ།།
མི་ཚེ་སྐྱིད་ལ་རོལ་བའི་རྟེན་འབྲེལ།།
 
ལུས་ངག་ཡིད་གསུམ་རྟེན་འབྲེལ་འདི་ཡིས།།
ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་ཞིང་།།
དགེ་བ་འདི་ཡིས་ཀུན་ལ་ཕན་པའི།།
སྐྱེས་བུ་ཞིག་གི་གོ་འཕང་མྱུར་འཐོབ།།
 
༡༧/༠༣/༡༣
 
Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།