གདུང་དབྱངས་ཀྱེ་མ་ཧུད།
22/07/2014 09:58གདུང་དབྱངས་ཀྱེ་མ་ཧུད།
རང་གི་རིག་གཞུང་འདི་ལ་སྙིང་ཉེ་སྟེ།།
ལོ་ངོ་བཞི་བཅུར་དཀའ་སྤྱད་དཔེ་ཀློག་དང་།།
རྩོམ་འབྲི་བྱ་བར་འབད་པའི་སྐྱེས་བུ་ཞིག །
གློ་བུར་ཕྱི་མར་ཕེབས་པའི་ཚུལ་འདིས་གདུང་།།
རང་ས་བཞག་ནས་ཕྱི་ཡུལ་མ་འཁྱམས་ཤིང་།།
འཁོར་བའི་ཡུལ་ནས་འབྱོར་བར་མ་ཆགས་པར།།
རིག་པའི་གནས་ལ་འབད་པ་ལྷུར་ལེན་གྱིས།།
མི་རིགས་ལས་དོན་ད་ལྟའི་བར་དུ་བསྒྲུབས།།
དབང་དང་གོ་ས་མ་བསྙེགས་དམའ་ས་ནས།།
ཐོབ་དང་གླ་ཕོག་ཉུང་བའི་ཁྱིམ་ཚང་ནས།།
མི་རིགས་མཐོ་སར་འཁྲིད་པའི་བྱ་བའི་ཁུར།།
ལྷག་བསམ་དག་པས་བསྒྲུབས་པའི་བྱས་རྗེ་ཆེ།།
ལྟོས་དང་གཞན་གྱི་ཁྱིམ་ན་རྒྱུ་ནོར་མང་།།
ཁྱེད་ཀྱི་ཁང་བ་གནའ་དེང་དཔེ་ཆས་བཀང་།།
འདི་དག་ཚང་མ་བཀླག་ཁོམ་མ་བྱུང་བས།།
དེ་རིང་གློ་བུར་བཞུད་ལ་ཀྱེ་མ་ཧུད།།
རྩོམ་ཡིག་སྣ་མང་སྤེལ་བའི་རྩོམ་པ་པོ།།
དུས་དེབ་གང་མང་ཞིག་གི་རྩོམ་སྒྲིག་པ།།
བོད་ཀྱི་རིག་གནས་དུངས་པའི་ཤ་ཞེན་ཅན།།
གངས་བུ་ངོ་མ་ཁྱོད་ནི་རྗེས་སུ་དྲན།།
རྒྱ་བོད་སྐད་གཉིས་ཡིག་སྒྱུར་ལོ་ཙཱ་བ།།
སློབ་གསོ་ཡར་རྒྱས་གཏོང་བའི་སློབ་སྟོན་པ།།
སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གཏོང་བ་པོ།།
རང་ཡུལ་འདི་ནས་རྐང་གཉིས་གཙོ་ཁྱོད།།
གསེར་གྱི་ལྷ་དར་ལོ་འཁོར་བཅུ་ལ་བསྐྱངས།།
རིག་གནས་བྱ་བ་ལོ་ངོ་བཞི་བཅུར་བསྒྲུབས།།
ལོ་ཟླ་རང་གི་ཆེད་དུ་མ་རྫོགས་ཀྱང་།།
མི་རིགས་དོན་ལ་མྱངས་པའི་རྔུལ་ཆུ་མང་།།
རྣམ་དག་སྤྱོད་པ་མཐོ་དམན་ཀུན་ལ་མཐུན།།
རྣམ་དཀར་སེམས་པ་སུ་དང་གང་ལ་བཟང་།།
ཞི་དུལ་བག་ཡོད་འཛིན་པའི་མི་བུ་ཁྱོད།།
རང་ས་འདི་ནས་རླབས་ཆེན་སྐྱེས་བུ་ཡིན།།
རིག་གནས་ཆེད་དུ་དྲོ་བའི་ཉི་མ་ཞིག །
མི་རིགས་དོན་ལ་བསིལ་བའི་ཟླ་བ་ཞིག །
རང་ཡུལ་འདི་ན་འཚེར་བའི་སྐར་ཆེན་ཞིག །
ཆུ་ལྷའི་ཡུལ་ལ་བཞུད་སོང་ཀྱེ་མ་ཧུད།།
ཁྱེད་ཀྱི་རྗེས་ན་རླབས་ཆེན་གྲུབ་འབྲས་མང་།།
ཁྱེད་ཀྱི་ཤུལ་ན་བརྩམས་ཆོས་གླེགས་བམ་མཐུག །
ཁྱེད་ཀྱི་རྗེས་ན་དཀའ་སྤྱད་ལོ་རྒྱུས་རིང་།།
འདི་དག་ཚང་མ་ངེད་ཚོའི་སྐྱོ་རོགས་ཡིན།།
ཁྱེད་ཀྱི་ལྷག་བསམ་ཁྱེད་ཀྱི་འགྲོ་རོགས་ཡིན།།
ཁྱེད་ཀྱི་ཡོན་ཏན་ཁྱེད་ཀྱི་གདོང་གྲོགས་ཡིན།།
ཁྱེད་ཀྱི་སྙིང་སྟོབས་ཁྱེད་ཀྱི་སྐྱོབ་རོགས་ཡིན།།
ཁྱེད་ཉིད་ཕེབས་སའི་ལམ་ཁ་དགེ་བས་ཤིས།།
ཆུང་ནས་འགྲོགས་ཤིང་འདྲིས་པའི་གྲོགས་པོ་ངས།།
སེམས་ཀྱི་སྐྱོ་གདུང་ཁོག་ལ་མ་གནོན་པས།།
གཟོད་མེད་བརྣག་པར་དཀའ་བའི་མིག་ཆུའི་ལྷན།།
གདུང་དབྱངས་ཀྱེ་མ་ཧུད་འདི་ཁྱེད་ལ་བསྲིངས།།
———
Back


