གནའ་རོགས་དྲན་གླུ།

22/07/2014 15:53

      གནའ་རོགས་དྲན་གླུ།


འབའ་སྲས།


འདི་ནས་བརྩིས་ན་ལོ་ངོ་བཅོ་བརྒྱད་སྔོན།།

ས་ཆ་བཤད་ན་རྒྱ་གར་འཕགས་པའི་ཡུལ།།

ངེད་གཉིས་ཐུག་ས་མ་ཇི་ཀྲེ་ལ་ནས།།

ལག་འཇུ་ཐོག་མ་བྱེད་པའི་ཉིན་དེ་དྲན།།


བལ་ཡུལ་ཅ་དངོས་འཚོང་བའི་རྟ་མང་བ།།

རྒྱ་གར་རྐང་ལམ་འགྲིམས་པའི་ཨ་མདོའི་བུ།།

མ་ཇི་ཀྲེ་ལ་འབོད་པའི་སྲང་ལམ་ནས།།

གློ་བུར་གདོང་ཐུག་བརྒྱབས་པའི་ཉིན་དེ་དྲན།།


ཁྱེད་རང་ཚུར་ལ་ཕེབས་དུས་ང་ཡིས་བལྟས།།

མོ་སྒོ་མཛེས་པ་བཅོ་ལྔའི་དུང་གི་ཟླ།།

ང་རང་ཕར་ལ་འགྲོ་དུས་ཁྱེད་ཀྱིས་གཟིགས།།

ང་རང་ཅི་འདྲར་མ་གསུངས་ཉིན་དེ་དྲན།།


བདག་གི་མདུན་ནས་ཁྱེད་ཀྱི་ཚོང་ཞིག་བཀྲམས།།

ཁྱེད་ཀྱི་སྔན་ནས་ང་ཡིས་ཇ་ཞིག་འཐུང་།།

ཚོང་དང་ཇ་ལ་འབྲེལ་བ་མེད་ན་ཡང་།།

ངེད་གཉིས་འབྲེལ་བ་བྱུང་བའི་ཉིན་དེ་དྲན།།


ཇོ་ཇོ་ང་ལ་ཇ་ཞིག་འདྲེན་རོགས་ཟེར།།

ང་ཡི་ཇ་འདི་ཁྱེད་ཀྱིས་བཞེས་སམ་དྲིས།།

མི་ཚེ་གང་ལ་ལྡུད་ན་བཏུང་ཞེས་བརྗོད།།

གཏམ་འགོ་ཐོག་མ་གླེང་བའི་ཉིན་དེ་དྲན།།


ས་ཆ་དྲིས་ན་བལ་ཡུལ་རྒྱལ་ས་ཟེར།།

དངོས་མིང་མ་དྲིས་བཀྲ་ཤིས་སྒྲོལ་མ་བརྗོད།།

ཧྥེ་མ་ཡ་ནི་ང་ཡི་གཅེས་མིང་ཟེར།།

ཁྱེད་ཉིད་ངོ་སྤྲོད་བྱས་པའི་ཉིན་དེ་དྲན།།


ཇོ་ལགས་སྐྱེས་ས་གང་ཡིན་མིང་ལ་ཅི།།

དྲིས་ལན་ཨ་མདོ་སྣ་བོ་ཆེ་ཡི་ཡུལ།།

མིང་ལ་ཅི་ཟེར་ད་རུང་མི་བཤད་ཅེས།།

བཤད་དུས་ལྷན་དུ་བགད་པའི་ཉིན་དེ་དྲན།།


ཁྱེད་ཀྱི་ཚོང་ལ་འགོ་སྣེ་མ་འཕོག་ལ།།

ང་ཡི་ཇ་ཡང་འཐུང་ནས་མ་ཚར་བར།།

ཧ་ལམ་སེམས་གཉིས་ཚོང་ཤག་བྱས་ཚར་བའི།།

ཕན་ཚུན་ཁེ་སང་རྩོད་པའི་ཉིན་དེ་དྲན།།


ཁྱེད་ཀྱིས་ང་ལ་ང་ནི་བདག་མེད་ཟེར།།

ངས་ཀྱང་ཁྱེད་ལ་ང་ནི་ཡུལ་མེད་ཞུས།།

བདག་མེད་ཡུལ་མེད་སྙིང་རྗེ་ཆེན་པོ་ལས།།

ཡུལ་དང་བདག་པོ་འཚོལ་བའི་ཉིན་དེ་དྲན།།


ཁྱེད་རང་བདག་མེད་ཡིན་ན་གང་འགྲོ་རེད།།

ང་རང་ཡུལ་མེད་ཡིན་པས་གང་ཉལ་རེད།།

བདག་ལ་སྒོར་མོ་མེད་ཀྱང་ཡོད་ཁུལ་གྱིས།།

མགྲོན་ཁང་ཉོ་རུ་སོང་བའི་ཉིན་དེ་དྲན།།


བྲང་ཁ་དྲོན་མོ་ཕན་ཚུན་མ་གླེན་སྔོན།།

མཚན་མ་གཉིས་སྦྱོར་སྔོན་དུ་མ་བྱས་གོང་།།

རང་རང་ས་ནས་མནའ་ཚིག་དམ་པོ་རེད།།

ཡིད་ཆེས་རྟེན་དུ་བཞེངས་པའི་མཚན་དེ་དྲན།།


བོད་ལ་ལོག་ན་ང་ལ་ཕ་ཡུལ་ཡོད།།

ཕྱི་ནས་བསྡད་ན་ཁྱེད་ལ་བརྟེན་ས་ཡོད།།

དེ་རིང་བདག་མེད་ཡུལ་མེད་ཁྱོད་དང་ང་།།

མ་འོངས་འགྲིག་འགྲིག་བརྗོད་པའི་མཚན་དེ་དྲན།།


སྙིང་གཏམ་སྙིང་ལ་སིམ་པའི་མཚན་མོ་དེར།།

དམ་བཅའ་རྡོ་ལ་བརྐོས་པའི་དགོང་མོ་དེར།།

འཇིག་རྟེན་འདི་ན་ངེད་གཉིས་ལྷག་པ་འདྲ།།

གཅིག་སེམས་གཅིག་གིས་གསོས་པའི་མཚན་དེ་དྲན།།


ཁྱེད་ཀྱིས་ང་ལ་བརྩེ་བ་སྤྲོད་དགོས་གསུངས།།

ང་ཡིས་ཁྱེད་ཀྱིས་ཡིད་ཆེས་གནང་རོགས་ཞུས།།

གཅིག་སེམས་གཅིག་གིས་དགག་པའི་མཐའ་མ་དེར།།

ཕན་ཚུན་དམ་དུ་འཁྱུད་པའི་མཚན་དེ་དྲན།།


རིན་གོང་ཆུང་ཆུང་མགྲོན་ཁང་སྟབས་བདེ་དེ།།

ངེད་གཉིས་ཆེད་དུ་གསར་དུ་བཞེངས་པ་འདྲ།།

ཉལ་ཁྲི་ཆུང་ཆུང་བདེ་བདེ་མེད་པ་དེ།།

སྒུལ་སྒུལ་ཁྲོག་ཁྲོག་བྱས་པའི་མཚན་དེ་དྲན།།


སང་ཉིན་ཁྱེད་རང་ཕྱིར་ལ་ལོག་དགོས་ཐུག །

ང་ཡིས་ངེད་གཉིས་འདུག་ས་འཚོལ་དགོས་བྱུང་།།

གྲོས་མཐུན་སྤྱི་མོས་བྱུང་བའི་མཐའ་མ་དེར།།

གྱེས་ཁའི་མིག་ཆུ་ཤོར་བའི་ཉིན་དེ་དྲན།།


ཁྱེད་རང་སྤྱིའི་སྤྱོད་རླངས་འཁོར་བཞུགས་ནས་ཕེབས།།

ང་ཡི་ཁྱེད་ལ་མིག་གིས་གྱེར་ནས་བསྡད།།

ཐོག་མར་འཕྲད་ཅིང་ཐོག་མར་གྱེས་པ་ཡི།།

སྡུག་བསྔལ་གནོན་ཐུབ་མེད་པའི་ཉིན་དེ་དྲན།།


ཁྱེད་རང་ཕེབས་ནས་བདུན་ཕྲག་གཉིས་ཙམ་འགོར།།

ང་ཡིས་ཁང་བ་བཙལ་ནས་བདུན་གཅིག་སོང་།།

ཁྱེད་རང་ཕེབས་ན་ཁྱིམ་ཞིག་ཡོད་པ་ཡིས།།

ང་རང་དགའ་ཞིང་བསོ་བའི་ཉིན་དེ་དྲན།།


ཁྱེད་རང་མ་ཕེབས་ཟླ་བ་འཁོར་ལ་ཉེ།།

ང་ཡི་མིག་ཆུས་ཟོ་བ་འགེངས་ལ་ཉེ།།

ཁ་པར་བཏང་ན་ཡ་ལན་མེད་པ་ཡིས།།

མདུང་གིས་སེམས་པ་བཙགས་པའི་ཉིན་དེ་དྲན།།


བླ་མར་ལུང་བསྟན་ཞུས་ན་དེ་མ་ཡིན།།

མོ་བར་ཕྲེང་བསྐོར་ཞུས་ན་དེ་མ་ཡིན།།

མནའ་ཚིག་ནག་པོ་དག་ལ་འདང་བརྒྱབས་ནས།།

ཁྱེད་རང་ཡོང་ཡོང་འདོད་པའི་ཉིན་དེ་དྲན།།


སྒུག་ཅིང་སྒུག་ཀྱང་ཡོང་བ་མེད་པ་ཡིས།།

སྤོ་རྡི་སྤེ་ཡའི་བླ་མ་རྒྱགས་པའི་སར།།

རོགས་ལོ་ཡོང་མིན་ཁྱེད་ཀྱིས་མཁྱེན་ནམ་ཞེས།།

བླ་མར་ལུང་བསྟན་ཞུས་པའི་ཉིན་དེ་དྲན།།


བླ་མའི་ལུང་བསྟན་གཟིགས་ན་ནོར་བ་མེད།།

ཁྱེད་རང་དྲན་པའི་གདུང་བ་ཆད་པ་མེད།།

བླ་མའི་ལུང་བསྟན་ང་ལ་འདི་ལྟར་གསུངས་།།

ཡོང་བཞིན་འདུག་ཅེས་གསུངས་པའི་ཉིན་དེ་དྲན།།


ང་རང་དགའ་ནས་ཁྱིམ་དུ་མེ་ཏོག་བཙུགས།།

མཁའ་འཕུར་གནམ་གྲུ་རེ་ལ་མིག་གིས་ཅེར།།

གནམ་གྲུ་བརྒྱ་འཕུར་མེ་འཁོར་སྟོང་འགྲོའི་ནང་།།

ཁྱེད་རང་མེད་པས་སྐྱོ་བའི་ཉིན་དེ་དྲན།།


ད་ནི་འདི་ཞེས་བསྡད་ན་མི་འགྲིག་སྙམ།།

ཁྱེད་རང་མ་བསླེབས་ང་ནི་འགྲོ་དགོས་བསམས།།

ཁྱེད་རང་འཚོལ་ཕྱིར་བལ་ཡུལ་བསྙེགས་པ་ཡི།།

སྤྱིའི་སྤྱོད་རླངས་འཁོར་བསྡད་པའི་ཉིན་དེ་དྲན།།


བསྐྱོད་ཅིང་བསྐྱོད་ཀྱང་ཁྱེད་ནི་འཕུར་བ་འདྲ།།

བསམས་ཤིང་བསམས་ཀྱང་ཁྱེད་ནི་མེད་པ་འདྲ།།

བལ་ཡུལ་འབྱོར་ནས་ཁྱེད་རང་མཐོང་བའི་བར།།

བདག་སེམས་ཐང་ཐང་མེད་པའི་ཉིན་དེ་དྲན།།


བལ་ཡུལ་བསླེབས་ནས་མཆོད་རྟེན་བྱ་རུང་ནས།།

ཁྱེད་རང་འཛུམ་འཛུམ་བདག་གི་མདུན་དུ་ཡོང་།།

ང་ཡང་ངུ་མ་དགོད་ཀྱིས་ཁྱེད་སར་བཅར།།

དགའ་སྐྱོ་ཟུང་དུ་སྒྲིལ་བའི་ཉིན་དེ་དྲན།།


ཁྱེད་ཀྱིས་ང་ལ་ཅི་ཕྱིར་ཡོང་ངམ་དྲིས།།

ང་ཡིས་ཁྱེད་ལ་ཅི་ཕྱིར་མ་ཡོང་གཤེ།།

རྒྱུ་མཚན་ཅི་ཡང་མེད་ཅེས་གསུངས་ཞོར་དུ།།

མིག་ཆུ་ཕྲེང་ཐག་ཆད་པའི་ཉིན་དེ་དྲན།།


ཨ་མདོ་བ་ལ་ཨོང་ཤ་མེད་པས་ན།།

ཡིད་ཆེས་མ་བྱེད་ཟེར་བའི་ཕ་རྒན་གྱིས།།

ཁ་ཏ་སློབ་གསོ་ཐོབ་པའི་དོགས་པ་ཡིས།།

ཡིད་ཆེས་མི་ཐུབ་བརྗོད་པའི་ཉིན་དེ་དྲན།།


ཅི་ལྟར་བཤད་ཀྱང་ཁྱེད་ནི་གཡོན་འཁྱོག་རེད།།

གཡོན་དུ་བྱེད་པོ་དེ་ནི་ཕ་རྒན་རེད།།

གང་ལྟར་ཞུས་ཀྱང་ང་ནི་དྲང་བོ་ཡིན།།

དྲང་བོར་རྒྱབ་སྐྱོར་མེད་པའི་ཉིན་དེ་དྲན།།


ཁྱེད་རང་ཕར་དུ་སོང་བའི་ཉིན་དེ་དྲན།།

ང་རང་ཁེར་རྐྱང་ལོག་པའི་ཉིན་དེ་དྲན།།

དམ་བཅའ་རྡོ་རིང་འཇིག་པའི་ཉིན་དེ་དྲན།།

དེ་རིང་འདི་ནས་ཁྱེད་རང་ལྷག་པར་དྲན།།


མདོར་ན་ཁྱེད་རང་གང་ཡོད་མི་ཤེས་ལ།།

ང་ཡང་གང་ཡོད་ཁྱེད་ཀྱིས་མི་མཁྱེན་པས།།

ཁྱེད་རང་ང་གཉིས་གྱེས་པའི་ས་མཚམས་ནས།།

ཁྱེད་རང་དྲན་པའི་རྡོ་རིང་དོ་ནུབ་བཞེངས།།


ད་ནི་ཁྱེད་རང་བདག་གིས་གླེང་མི་སྲིད།།

ཁྱེད་ཀྱིས་ང་ཡང་གང་ཡོད་མ་འཚོལ་རོགས།།

རང་རང་ས་ན་མ་ཤི་གསོན་ཡོད་པས།།

འཇིག་རྟེན་ཟླུམ་པོ་ངེད་གཉིས་ཁྱིམ་ཚང་ཡིན།།


༡༦/༠༡/༠༤ ཉལ་ཁར།


Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།