གཞན་རྗེས་སུ་མི་འཛིན་པའི་མཁས་པ་འགའ་ལ་སྡིགས་པ།

22/07/2014 10:04

      གཞན་རྗེས་སུ་མི་འཛིན་པའི་མཁས་པ་འགའ་ལ་སྡིགས་པ།


འབའ་སྲས།


སྦྱངས་ནས་མཁས་པའི་མིང་ཐོབ་ཀྱང་།།

གཞན་ལ་མི་སློབ་སྦྱངས་པས་ཅི།།

རང་ཉིད་ཁོ་ནའི་དོན་ཕྱིར་ན།།

ཡི་གེ་ཕྱི་མོ་མེད་པས་ཆོག །


མཁས་པའི་ཡོན་ཏན་ཁོག་ན་རུལ།།

བུ་མོའི་ལག་ཟས་རུམ་ནས་རུལ།།

རུལ་དྲི་བྲོ་བའི་སྙིགས་དུས་འདིར།།

གཞན་ཕན་ཟེར་བ་བཤད་སྒྲོས་ཙམ།།


གཞན་ལ་ཡོན་ཏན་མི་སྟེར་ཞིང་།།

ཉམ་ཆུང་རྗེས་སུ་མི་འཛིན་པ།།

མཁས་པ་བླ་མ་བརྒྱ་ཡོད་ཀྱང་།།

གཅིག་ཀྱང་བསྟོད་པར་མི་བྱ་འོ།།


སྦྲང་རྩི་བུ་ཡིས་བཅུད་འཐུངས་པ།།

གཞན་ལ་སྟེར་བ་མཁས་པའི་ལུགས།།

མཁས་པའི་ཡོན་ཏན་གཞན་མི་སྦྱིན།།

དུད་འགྲོ་ཟོག་དང་བླུན་པོའི་གཤིས།།


གད་མཛོད་དབྱིག་གིས་གང་གྱུར་ཀྱང་།།

སྦྱིན་གཏོང་མེད་ཚེ་བསགས་པས་ཅི།།

བློ་ལ་ཤེས་བྱས་དབང་བསྒྱུར་ཀྱང་།།

སློབ་སྟོན་མེད་ན་འབད་པས་ཅི།།


རང་ཉིད་ཁོ་ནར་སེམས་བསྐྱེད་པ།།

བྱང་ཆུབ་སེམས་དཔའི་མིང་ཡང་མེད།།

རང་གི་ཆེད་དུ་མཁས་པར་སྦྱངས།།

ཕྱག་རྡར་ཁྲོད་ཀྱི་གད་སྙིགས་རྩིས།།


༡༤/༠༧/༠༡ ཕྱི་དྲོར།



Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།