གསལ་བྱེད་དང་གསལ་བཤད།
22/07/2014 10:11གསལ་བྱེད་དང་གསལ་བཤད།
འབའ་སྲས།
འབྱོར་ལྡན་ཡུལ་ནས་འབྱོར་བ་མི་འཚོལ་ཞིང་།།
ཕྱི་རྒྱལ་ཡུལ་ནས་ཕྱི་ལུགས་མི་འཛིན་པ།།
གཞན་སྐད་ཤེས་ཀྱང་རང་སྐད་མི་འདོར་བ།།
ཁ་སང་དེ་རིང་མཚན་གྱི་ཉི་མ་ཡིན།།
མི་ཡི་མཐོ་དམའ་དེང་སང་སྒོར་གྱིས་ཚད།།
མི་ཡི་རིན་ཐང་གཙོ་བོ་དབང་གིས་འཁྱེར།།
སྒོར་ཡང་མེད་ལ་དབང་ཡང་མེད་པ་ཡི།།
ཕ་བཟང་བུ་ལ་ཕ་མའི་ཟས་རིན་ཡོད།།
སྐད་རིགས་མང་བོ་ཤེས་ན་བཟང་བ་དང་།།
རྒྱལ་ཁབ་གང་མང་འགྲེམས་ན་མཆོག་མོད་ཀྱང་།།
རང་གི་ཕ་སྐད་བརྗེད་ཀྱང་གཞན་ལུགས་སྤྱོད།།
བླུན་པོའི་ཁྲོད་དུ་བཞག་ན་ཨེ་ཞིང་འཚམ།།
དགའ་རོགས་མང་བ་ཕོ་སར་ཁྱད་ཆོས་ཡིན།།
ཆུང་མ་གཡུག་ན་རྒད་པོ་ཁྲེལ་མེད་ཡིན།།
ཁྱིམ་ལ་བྱམས་ཤིང་རང་ཡང་བསོ་དགོས་པ།།
གདོང་དམར་བོད་ཀྱི་གནའ་བོའི་ལུགས་སྲོལ་ཡིན།།
ལ་ལས་གཞན་སྐད་ཤེས་ན་རང་སྐད་དོར།།
འགའ་རེས་དགའ་རོགས་མཐུན་ན་ཆུང་མ་བདའ།།
འཇོན་ཐང་འདི་འདྲ་བདག་ལ་མེད་པ་ཡིས།།
ཀ་ཁ་ག་ང་བྲིས་ན་འོས་ཤིང་འཚམ།།
ཀ་ཁ་ག་ང་ཕ་ལོ་རུས་རྐང་ཡིན།།
ཅ་ཆ་ཇ་ཉ་མ་ལོའི་ཟུངས་ཁྲག་ཡིན།།
ཏ་ཐ་ད་ན་བོད་ཀྱི་ལ་རྒྱ་ཡིན།།
ལ་རྒྱ་སྙིང་ལ་བཟུང་ཤིག་བརྩེ་བའི་གྲོགས།།
པ་ཕ་བ་མ་ཡབ་མོས་ལོ་རྒྱུས་ཡིན།།
ཙ་ཚ་ཛ་ཝ་མཁས་པའི་བསླབ་བྱ་ཡིན།།
ཞ་ཟ་འ་ཡ་བོད་ཀྱི་ངོ་གདོང་ཡིན།།
བོད་ལ་ཤ་ཞེན་ཡོད་ན་འདི་ལ་གཅེས།།
ར་ལ་ཤ་ས་ཕུན་ཚོགས་སྡེ་བཞི་ཡིན།།
ཧ་ཨ་གཉིས་ནི་ཐབས་དང་ཤེས་རབ་ཡིན།།
ཡི་གེ་དྲུག་འདི་རི་བོ་སྒང་དྲུག་ཡིན།།
རང་ས་རང་སྐད་མ་བརྗེད་བོད་ཀྱི་བུ།།
༡༤/༠༦/༡༧ ཉིན་གྱི་ཕྱི་དྲོར།
Tags:
———
Back