གྲྭ་བ་ལ་མཛུལ་མོ་མ་ཀེར།

22/07/2014 15:09

     གྲྭ་བ་ལ་མཛུབ་མོ་མ་ཀེར།


འབའ་སྲས།


སྙིགས་མ་ལྔ་བདོ་དུས་ཀྱི་གྲྭ་བ་ཞེས།།

གོས་བཟང་ངུར་སྨྲིག་ཅན་ལ་འཕྱ་མ་བྱེད།།

སྟོན་པའི་དུས་ཀྱི་དགེ་སློང་སྒུར་བ་སོགས།།

ཉན་ཐོས་འགའ་ཡི་ལོ་རྒྱུས་ཞིབ་ཏུ་ཀློགས།།


འདོད་པའི་དོན་དུ་ཆུང་མ་སྤངས་པ་དང་།།

ཆགས་པའི་དོན་དུ་རང་སྲོག་ཤོར་བ་ནི།།

སྐྱ་བོ་ཕོ་མོའི་སྡེ་ནས་བྱུང་བ་ལས།།

གྲྭ་བའི་ནང་ནས་བྱུང་བ་སུ་ཡིས་ཐོས།།


ལོག་གཡེམ་ཕྲ་མ་ཚིག་རྩུབ་མི་དགེ་བ།།

སྐྱ་སེར་གཉིས་ཀར་བསྟན་པའི་མདོ་ཡིན་པས།།

སྐྱ་བོས་ཆོག་དང་གྲྭ་བས་མི་ཆོག་ཅེས།།

བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་ཡོད་དམ།།


སྐྱ་བོས་ལོག་གཡེམ་བརྒྱ་བྱས་ཉེས་མེད་དང་།།

གྲྭ་བས་འཛག་བཤད་གཅིག་བྱས་མི་འདག་པའི།།

སྡིག་ཆེན་བསགས་ཞེས་ལུང་དུ་སྟོན་པ་པོ།།

ཕྱི་རོལ་སྟོན་པ་ཚོས་ཀྱང་མ་གསུངས་ལོ།།


རབ་ཏུ་བྱུང་བས་འཁོར་ལས་གྲོལ་བ་མིན།།

གྲྭ་ཆོས་གྱོན་པས་ཆགས་དང་བྲལ་བ་མིན།།

དགོན་པར་བསྡད་པས་འཇིག་རྟེན་སྤངས་པ་མིན།།

སོ་སོ་སྐྱེ་བོ་སྐྱ་སེར་གཉིས་ཀ་ཡིན།།


གྲྭ་བ་དེ་ཡིས་ཅིག་ཅིག་མུག་མུག་དང་།།

གྲྭ་བ་འདི་ཡིས་ཉིག་ཉིག་ལུང་བ་གང་།།

ང་དང་ཁྱོད་ཀྱིས་བཤད་པ་སླ་ན་ཡང་།།

སྟོན་པའི་ན་བཟའ་གྱོན་ཙམ་ཤིན་ཏུ་དཀའ།།


བུད་མེད་གོས་མེད་གཅེར་བུ་འགྲོ་བ་དང་།།

རྒད་པོ་དག་གིས་ཆུང་མ་ལྔ་ལེན་དུས།།

བུ་མོ་ཞིག་གི་མཚན་མ་མ་མཐོང་བར།།

གཅིག་པུ་བཞུགས་འདི་ཅིས་ཀྱང་བསྔགས་པར་འོས།།


གྲྭ་བས་ཁ་གཙོག་བཤད་ན་ཅི་ལ་སྐྱོན།།

བུད་མེད་འཛུམ་མདངས་བསྟན་ན་གང་ལ་གནོད།།

སྐྱ་སེར་ཁ་དང་གདོང་ལ་ཁྱད་ཡོད་ཅེས།།

སྟོན་པས་མ་གསུངས་མཁས་པས་མ་བཞེད་དོ།།


ཁྱིམ་ཚང་སྐྱོང་བའི་དཀའ་སྡུག་གྲྭ་བར་མེད།།

འཚོ་བས་མ་འདང་སེམས་ཁྲལ་དེ་བས་མེད།།

སྐྱིད་པོའི་ཁ་དང་འཛུམ་པའི་གདོང་པ་གཉིས།།

ནམ་ཡང་གྲྭ་བ་ཚོ་ལ་ཡོད་ཡོད་ཡིན།།


༡༣/༠༤/༡༤ ཕྱི་དྲོར།




Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།