གླིང་ཚ་མ་བུ་གསུམ་ལ་ཕུལ་བའི་ཤིས་ཚིག
31/03/2012 17:40
ཆེས་ཆེར་གུས་པར་འོས་པའི་གླིང་ཚ་མ་བུ་གསུམ།།
སྐྱེས་པ་བླ་ན་མཐོ་བའི་གླིང་ཚ་མ་བུ་གསུམ།།
འཐབ་རྩོད་གཟི་བརྗིད་ཆེ་བའི་གླིང་ཚ་མ་བུ་གསུམ།།
ནང་མི་དཔའ་བོ་གསུམ་པོ་ནམ་ཡང་བདག་གིས་གུས།།
གདོང་དམར་བོད་པ་ཚང་ལ་ཤ་ཁྲག་རུས་གསུམ་བསྟི།།
སྒང་བ་བོད་པ་ཚང་ལ་ལྷ་ཀླུ་གཉན་གསུམ་གནས།།
གངས་ཅན་ཁ་བ་རི་ལ་མི་འགྱུར་གངས་ཕྲུག་མང་།།
ཁ་ཚ་དགོས་གཏུགས་སྐབས་སུ་ཁྱེད་ཅག་མ་བུ་གསུམ།།
ཉེ་སར་ལག་པ་སྲིང་མཁན་ང་འདྲ་ཧ་ཅང་མང་།།
དོན་ཐོག་རྐང་པ་འཇོག་པ་ཁྱོད་འདྲ་ཧ་ཅང་དཀོན།།
སྐྱེས་པ་འདྲ་འདྲ་ཡིན་ཡང་གསོན་སྟངས་མི་འདྲ་བ།།
ལག་ལེན་དོན་གྱིས་འབྱེད་པ་ཅི་འདྲའི་བདེན་པ་ཨང་།།
ཤ་ཆད་བུ་ཕྲུག་གཉིས་ཀྱི་ཕ་ལོ་གྱུར་བའི་རྗེས།།
བརྩེ་ལྡན་མཛའ་མོ་ཞིག་གི་སྐྲ་བདག་གྱུར་བའི་གཞུག །
ཤ་ཁྲག་རུས་གསུམ་གཏིང་ན་བོད་མི་ས་ཡ་དྲུག །
མ་བརྗེད་སྙིང་ལ་འཛིན་པ་ཁྱེད་ཉིད་གཅིག་བུ་གྲང་།།
རྒྱུ་དང་འབྱོར་བའི་བར་ནས་བོད་དོན་བཤད་མཁན་དང་།།
ཐོབ་དང་གོ་སའི་སྟེང་ན་ལ་རྒྱལ་གླེང་མཁན་མང་།།
དོན་གྱིས་མདོ་རྩ་དེད་ན་བདེན་པ་ཤིན་ཏུ་དཀོན།།
ཁ་བཤད་ལག་ལེན་ཐུབ་པ་ཁྱོད་འདྲ་རེ་རེ་ཙམ།།
ཤ་ཁྲག་རུས་གསུམ་ཟེར་ནས་རྩོམ་ཡིག་མང་མང་བྲིས།།
ལྷ་ཀླུ་གཉན་གསུམ་བོས་ནས་དཔྱད་བརྗོད་གང་མང་སྤེལ།།
མི་འགྱུར་གངས་ཕྲུག་བཏགས་ནས་མི་འགྱུར་དམ་བཅའ་བཅོས།།
བཤད་བཤད་བྲིས་བྲིས་ཚང་མ་བདེན་པའི་དོན་ལ་ངེས།།
ཁ་བཤད་ཆུ་ཡི་ཝུ་བ་ལག་ལེན་གསེར་གྱི་ཐིགས།།
རང་ཅག་བོད་མིའི་ཁ་ན་གཏམ་དཔེ་འདི་འདྲ་མཆིས།།
ཁ་ནས་ཝུ་བ་འཕྱུར་བའི་ང་འདྲ་ཤིན་ཏུ་མང་།།
ལག་ནས་གསེར་ཐིགས་ཟེགས་པ་ཁྱེད་འདྲ་རྙེད་པར་དཀོན།།
དེ་བས་ཁྱེད་ནི་གངས་རི་རྩེ་ཡི་གདོང་ལྔ་དང།།
མཐའ་ཡས་ནམ་མཁའ་ཤུགས་ཀྱིས་བགྲོད་པའི་གླག་རྒོད་ཅིག །
ཞི་བདེའི་ཉི་མ་ཉེ་བར་འདྲེན་པའི་སྐྱ་རེངས་ཀྱང་།།
ཡིན་ནོ་ཞེས་པའི་བདེན་པའི་གཏམ་འདི་བདག་གིས་བརྗོད།།
མཐའ་དོན་ཁྱོད་དང་ཁྱེད་ཀྱི་མ་དང་སྲིང་མོ་གསུམ།།
ཕོ་བྲང་པོ་ཏ་ལ་རུ་མ་བསླེབས་དེ་སྲིད་དུ།།
གེགས་དང་བར་ཆད་ཅི་ཡང་མི་འབྱུང་ལྷ་ཡིས་སྲུངས།།
ཀྱག་ཀྱོག་རྐང་ལམ་བགྲོད་པ་ནམ་ཡང་དགེ་ཞིང་ཤིས།།
Tags:
———
Back


