ང་ཚོ་ཚང་མ་མེ་དཔུང་རེ་ཡིན་དགོས།

16/10/2011 15:07

དེ་རིང་སླར་ཡང་མེ་དཔུང་གཅིག་སྦར་སོང་།
སང་ཉིན་ད་དུང་སྦར་སྲིད།
གཅིག་རྗེས་གཉིས་མཐུད་ཀྱི་མེ་དཔུང་འོད་ཆེམ་ཆེམ་དུ་སྦར་སོང་།
ཚ་ལམ་ལམ་དུ་སྦར་སོང་།

མེ་དཔུང་དེ་དག་ལ་རྒྱའི་ངང་འབར་སོང་།
མེ་དཔུང་དེ་དག་སྤོབས་པའི་ངང་འབར་སོང་།
མེ་དཔུང་དེ་དག་གཟི་གརྗིད་ཀྱིས་འབར་སོང་།

མེ་དཔུང་དེ་དག་གིས་བོད་ཀྱི་རྒྱལ་གླུ་བླངས།
མེ་དཔུང་དེ་དག་གིས་བོད་ཀྱི་རྒྱལ་དར་བསྒྲེངས།
མེ་དཔུང་དེ་དག་གིས་བོད་པའི་བདེ་སྡུག་གླེང་།

ད་དུང་མེ་དཔུང་བརྒྱ་དང་སྟོང་ཡང་སྦར་སྲིད།
ད་དུང་འཇིག་རྟེན་བསྲེགས་པའི་མེ་དཔུང་ཞིག་ཀྱང་སྦར་སྲིད།
རྒྱུ་མཚན་ནི། མེ་དཔུང་འདི་དག་ལ་རྒྱའི་མེ་དཔུང་དང་།
སྙིང་སྟོབས་ཀྱི་མེ་དཔུང་།
གཟི་བརྗིད་ཀྱི་མེ་དཔུང་།
འཐབ་རྩོད་ཀྱི་མེ་དཔུང་།
མདོར་ན་མི་རིགས་ཤིག་གི་མེ་དཔུང་ཡིན་པས་སོ།

ཀྱེ། སྤུན་ཟླ་ལགས།
མེ་དཔུང་རེ་རེའི་རྗེས་སུ་མཆོད་མེ་རེ་བཞག་པས་ག་ལ་འགྲིག
ཚེ་སྲོག་རེའི་རྗེས་སུ་སྐད་འབོད་རེས་ག་ལ་ཆོག
ང་ཚོ་ཚང་མ་ལ་རྒྱ་རེ་རེ་ཡིན་དགོས།
ང་ཚོ་ཚང་མ་སྙིང་སྟོབས་རེ་རེ་ཡིན་དགོས།
ང་ཚོ་ཚང་མ་མེ་དཔུང་རེ་རེ་ཡིན་དགོས།

དེ་ལྟར་བགྱིས་ཚེ། 
ད་གཟོད་མུན་པ་དེ་བཟློག་ཐུབ།
ད་གཟོད་འོད་སྣང་དེ་འདྲེན་ཐུབ།
 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།