ང་ཡི་ལྷ་ས་རྒྱ་ཡི་དམག་སར་གྱུར།
02/07/2012 12:43
གནའ་བོའི་དུས་ཀྱི་ང་ཡི་ལྷ་ས།།
རྗེ་བཙུན་དམ་པ་སྟོང་གི་གདན་ས།།
དགེ་ལེགས་ཆོས་ཀྱི་འཁོར་ལོ་སྐོར་ས།།
མ་ཎི་ཡིག་དྲུག་དབྱངས་རྟ་ཐོས་ས།།
གནའ་བོའི་དུས་ཀྱི་ང་ཡི་ལྷ་ས།།
ཆོས་སྲིད་དབུ་རྩེ་མཁའ་རུ་སྙེག་ས།།
རྒྱལ་བ་པན་ཆེན་ཞལ་རས་མཇལ་ས།།
བོད་ཀྱི་རྒྱལ་འབངས་ལྷན་ཅིག་གནས་ས།།
དེ་རིང་མིག་གིས་མཐོང་བའི་ལྷ་ས།།
རྒྱ་གཞུང་དམར་བོའི་དམག་གི་གཡུལ་ས།།
མེ་སྐྱོགས་མེ་མདའི་མེ་སྟག་མཆེད་ས།།
འགྲོ་དབང་འདུག་དབང་མེད་པའི་བཙོན་ས།།
དེ་རིང་མིག་གིས་མཐོང་བའི་ལྷ་ས།།
རྒྱ་དང་རྒྱ་མོའི་གླུ་དབྱངས་ལེན་ས།།
ཁམས་པ་ཨ་མདོ་རྒྱང་ཕུད་གཏོང་ས།།
དབུས་པ་ཐམས་ཅད་སྐྲག་ནས་འདུག་ས།།
ཏཱ་ལེ་ཁ་བྲལ་ཟེར་ནས་སྡིགས་མཁན།།
བྱམས་པ་ཕུན་ཚོགས་བོད་ཞེན་ཡོད་ན།།
དེ་རིང་ལྷ་སའི་གླིང་ལ་ཁྱབ་པའི།།
རྒྱ་གཞུང་དམར་བོའི་བཙན་རྒོལ་འགོག་རོགས།།
ལྷ་ས་བརྟན་བརླིང་བདེ་འཇགས་ཡིན་ཞེས།།
འཛམ་པོ་གླིང་ལ་ཀུ་ཅོ་སྒྲོག་མཁན།།
པདྨ་འཕྲིན་ལས་བོད་ལ་དགའ་ན།།
ལྷ་སའི་བར་སྐོར་ལྷིང་འཇགས་བྱེད་རོགས།།
ཚེ་བརྟན་སྒྲོལ་མའི་ཏང་གི་བསྟོད་གླུ།།
བླངས་ནས་ལོ་ངོ་ལྔ་བཅུ་འདས་ཤུལ།།
ཏང་གིས་ཁྱོད་ཀྱི་ཕ་ས་འཕྲོག་སོང་།།
ད་ནི་བོད་ཀྱི་རྒྱལ་གླུ་ལེན་རོགས།།
Tags:
———
Back