ང་རང་བོད་པའི་བུ་ཡིན།

16/03/2013 21:55

        ང་ནི་བོད་པའི་བུ་ཡིན།

 
གངས་དཀར་རི་བོའི་རྩེ་མོ་ཁ་བའི་འདབ་མས་གཡོག་ཡོད།།
གངས་ལྷ་མེ་ཏོག་རྒྱས་པས་ས་གཞི་མཛེས་པས་ཁྱབ་ཡོད།།
མཛེས་སྡུག་ལྷ་ཡུལ་འགྲན་པ་བདག་གི་ཕ་ཡུལ་ཡིན་སོང་།།
ཁྱེད་རང་བོད་ལ་དགའ་ན་ང་ནི་བོད་པའི་བུ་ཡིན།།
 
དབྱངས་གསལ་སོ་བཞི་ཡི་གེ་ངག་གི་སྒྲ་ལ་སྦྱར་ཡོད།།
ཕ་མའི་ཡང་མོས་མཛད་རྗེས་སྙིང་གི་དཀྱིལ་ལ་བཟུང་ཡོད།།
དཔའ་བོ་འབར་བའི་མེ་ལྕེ་སྤྱན་ཟུང་མིག་གིས་མཐོང་ཡོད།།
ཁྱེད་རང་བོད་ལ་དགའ་ན་ང་ནི་བོད་པའི་བུ་ཡིན།།
 
ཞོགས་པར་ཡར་ལ་ལངས་དུས་མཆོད་པ་ལྷ་ལ་ཕུལ་ཡོད།།
མཚན་མོར་མར་ལ་ཉལ་དུས་ཕྱག་གསུམ་ལྷ་ལ་འཚལ་ཡོད།།
ཉིན་མཚན་ཕྱག་ཟུང་ཐལ་མོ་ཞི་བདེའི་ལྷ་ལ་སྦྱར་ཡོད།།
ཁྱེད་རང་བོད་ལ་དགའ་ན་ང་ནི་བོད་པའི་བུ་ཡིན།།
 
གཞན་ལ་གནོད་པའི་ཀུན་སློང་ནམ་ཡང་སེམས་ལ་བཟུང་མེད།།
རང་རིགས་སྐྱོང་བའི་སེམས་པ་ཤ་རྐང་རུས་སུ་བརྐོས་ཡོད།།
བོད་ཡུལ་སྐྱིད་པའི་སྨོན་ལམ་སྙིང་གི་དབུས་ནས་བཏབ་ཡོད།།
ཁྱེད་རང་བོད་ལ་དགའ་ན་ང་ནི་བོད་པའི་བུ་ཡིན།།
 
ཕ་མའི་ཡ་རབ་བསླབ་བྱ་མ་བརྗེད་སེམས་ལ་གཉེར་ཡོད།།
བླ་མའི་བླང་དོར་བཀའ་གསུང་ནམ་ཡང་གཙུག་ཏུ་བཀུར་ཡོད།།
རང་གཞན་ཀུན་ལ་ཕན་པའི་ལམ་ཁ་རྐང་བས་མནན་ཡོད།།
ཁྱེད་རང་བོད་ལ་དགའ་ན་ང་ནི་བོད་པའི་བུ་ཡིན།།
 
བཙན་པོའི་རྟ་མཆོག་རྒྱུག་སའི་ལམ་དེ་ད་དུང་འཇིག་མེད།།
མཁས་པའི་གླེགས་བམ་བྲིས་པའི་ཡི་གེ་ད་དུང་བསུབ་མེད།།
དཔའ་བོའི་དཔའ་དར་འཐེན་པ་ད་དུང་རླུང་གིས་བཅད་མེད།།
ཁྱེད་རང་བོད་ལ་དགའ་ན་ང་ནི་བོད་པའི་བུ་ཡིན།།
 
སྐྱེས་དུས་ཕ་མའི་ཁ་གཡང་ད་དུང་སེམས་ལ་འཁོར་འཁོར།།
མཇལ་དུས་བླ་མའི་བཀའ་གསུང་སྙིང་ལ་རི་མོ་བརྐོས་ཡོད།།
ཆོས་དང་འཇིག་རྟེན་མ་འགལ་རང་གི་ལས་སུ་དཔར་ཡོད།།
ཁྱེད་རང་བོད་ལ་དགའ་ན་ང་ནི་བོད་པའི་བུ་ཡིན།།
 
ཕོ་ཏ་ལ་ཡི་བང་རིམ་གྲུ་འཛིན་རྩེ་ན་འགྱིང་ཡོད།།
ཕ་རྒྱུད་སྤྲེ་འུ་རུས་རྐང་མ་ཆག་ལུས་ལ་ཟུག་ཡོད།།
མ་རྒྱུད་སྲིན་མོའི་ཁྲག་རྒྱུན་མ་ཆད་ལུས་ན་བཞུར་ཡོད།།
ཁྱེད་རང་བོད་ལ་དགའ་ན་ང་ནི་བོད་པའི་བུ་ཡིན།།
 
ཡ་ཐོད་དཔྲལ་བའི་ངོས་ལ་ཞི་བདེ་རི་མོ་དཔར་ཡོད།།
ཡ་ཆུང་སྙིང་གི་ངོས་སུ་མཐུན་སྒྲིལ་རང་སྒྲ་ཕབ་ཡོད།།
རང་ལས་གཞན་གཅེས་སེམས་པ་ལག་པའི་མཐིལ་ལ་བཟུང་ཡོད།།
ཁྱེད་རང་བོད་ལ་དགའ་ན་ང་ནི་བོད་པའི་བུ་ཡིན།།
 
བོད་པའི་བུ་ཡི་གདོང་ལ་ཨ་ཕའི་རེ་བཞག་འཁོར་ཡོད།།
བོད་པའི་བུ་ཡི་ངག་ལ་ཨ་མའི་ཁ་གཡང་འཁྱུལ་ཡོད།།
བོད་པའི་བུ་ཡི་ལུས་སུ་སྤུན་ཟླའི་རྣམ་ཤེས་འཁྲེང་ཡོད།།
ཁྱེད་རང་བོད་ལ་དགའ་ན་ང་ནི་བོད་པའི་བུ་ཡིན།།
 
༡༦/༠༣/༡༣ ཟ་ཞོར་འཐུང་ཞོར་དུ།
 
Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།