ང་རང་མི་ཞིག་ཡིན་པ་ཤེས་སོང་།

02/07/2012 12:39


བོད་ཡུལ་གངས་དཀར་ལྷུན་པོའི་རྩེ་ནས།།
ལ་རྒྱའི་རླུང་རྟ་ལྷ་ལ་བསྐུར་མྱོང་།།
རྒྱ་གར་འཕགས་ཡུལ་མཚོ་མའི་འགྲམ་ནས།།
སྐྱོ་བའི་མཆི་མ་རླབས་དང་བསྡོངས་མྱོང་།།

ཁ་སྒང་སྡེ་བ་གྲོང་གསེབ་དེ་རུ།།
ཀ་མད་སུམ་ཅུ་ས་ལ་བྲིས་མྱོང་།།
རྡ་རམ་ས་ལའི་ཁང་ཆུང་ཞིག་ནས།།
སྐྱོ་གདུང་སྙན་ངག་ཤོག་བུར་ཕབ་མྱོང་།།

དྲིན་ཆེན་ཕ་མའི་སྐུ་དྲུང་དེ་རུ།།
རྒྱལ་བོའི་སྲས་པོ་བཞིན་དུ་བསྡད་མྱོང་།།
རྒྱུས་མེད་མི་ཡུལ་རྒྱ་གར་ཡུལ་ནས།།
ཁྱི་བཞིན་མི་ཡི་གཡོག་པོར་རྒྱུགས་མྱོང་།།

ཕུ་བོ་ཨ་ཅེ་ལག་པའི་བར་ནས།།
རྐང་པ་ས་ལ་མ་ཐུག་འགྲོ་མྱོང་།།
སྤྲེ་འུ་རྒྱུག་སའི་ལམ་ཁ་ཞིག་ནས།།
རྐང་ལག་བཞིར་བསྟེན་ས་ནས་གོག་མྱོང་།།

ཨ་ཕ་སྟག་ཡིན་བཤད་ས་མི་འདུག །
ཨ་མ་དོམ་ཡིན་ཞུ་ས་མི་འདུག །
ཕུ་ནུ་ཁྱུང་ཡིན་བརྗོད་ས་མི་འདུག །
རང་ཉིད་ཅི་ཞིག་ཡིན་པ་མ་ཤེས།།

ད་ནི་ནུབ་ཕྱོགས་གྲོང་ཁྱེར་ཞིག་ནས།།
དགྲ་གྲོགས་མེད་པའི་འཚོ་བའི་བར་ནས།།
བདེ་སྡུག་གཉིས་མེད་དབུ་མའི་ལམ་ནས།།
ང་རང་མི་ཞིག་ཡིན་པ་ཤེས་སོང་།།
 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།