ངའི་བདེ་སྐྱིད་ནི་སྙན་ངག་ཁོ་ན་འོ།།

22/07/2014 15:12

      ངའི་བདེ་སྐྱིད་ནི་སྙན་ངག་ཁོ་ན་འོ།།


འབའ་སྲས།


ལས་ཀར་སོང་བས་ལས་དོན་གྲུབ།།

སྒོར་མོ་ཐོབ་པས་འཚོ་བ་སྐྱིད།།

ན་སྡུག་མེད་པས་ལུས་ཕུང་བདེ།།

འོན་ཀྱང་བདག་ནི་ཤི་བ་འདྲ།།


ད་ནི་བདག་ལ་ཅི་ཞིག་དགོས།།

ད་ནི་བདག་ལ་ཆད་པ་གང་།།

རང་གིས་རང་ལ་འདྲི་བར་བྱས།།

སྙན་ངག་མ་བྲིས་འདི་ཡིས་ཉེས།།


འོ་ན་བདག་ལ་བདེ་སྟེར་མ།།

ངག་རིག་དབྱངས་ཀྱི་རྒྱལ་མོ་ལགས།།

དད་པའི་སྤྲིན་གྱི་རྟ་ཆིབས་ཏེ།།

ཁོ་བོའི་མགྲིན་པའི་ཁྲི་ལ་ཕེབས།།


སྙན་ངག་རྒྱལ་མོའི་ཞས་རས་དང་།།

དབྱངས་བཞི་རྫོགས་པའི་པི་ཝང་གཉིས།།

བདག་ལ་འཐོབ་ན་ཚོགས་གཉིས་ཡི།།

བདེ་བའི་ས་ལ་རེག་པར་འགྱུར།།


ཅི་འོ་སྙན་ངག་ཞིང་ས་རུ་།།

ཉམས་འགྱུར་ས་བོན་འདེབས་པ་པོ།།

གནམ་ས་གཉིས་ཀྱི་ཡུལ་ལྗོངས་སྟེ།།

འདི་ལས་ཐར་བ་སུ་ཡང་མེད།།


དེས་ན་ཁོ་ཡང་སྙན་ངག་གི །

ནམ་མཁའ་བགྲོད་པའི་བྱི་ཆུང་སྟེ།།

གཤོག་པ་བརྐྱངས་པར་བྱེད་ཐུབ་ན།།

དེ་ནི་ཁོ་བོའི་བདེ་སྐྱིད་དོ།།


བདེ་སྐྱིད་ངེས་འཛིན་སོ་སོ་དང་།།

དགའ་བ་དག་ནི་རང་རང་ཉིད།།

གང་ལ་དགའ་བ་དེ་འཐོབ་ན།།

དེ་ནི་མཆོག་གི་བདེ་སྐྱིད་དངོས།།


༠༧/༠༥/༠༤ ཕྱི་དྲོར།



Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།