ངའི་འདོད་པའི་སྙན་ངག

22/07/2014 09:56

      ངའི་འདོད་པའི་སྙན་ངག


འབའ་སྲས།


སྐོམ་པའི་དུས་སུ་བཀླག་ན་རྫ་ཆུ་བསིལ་མ།།

ལྟོགས་པའི་དུས་སུ་བཀླག་ན་སྦྲང་དཀར་རྩམ་པ།།

ན་བའི་དུས་སུ་བཀླག་ན་འཆི་མེད་བདུད་རྩི།།

ང་ཡི་འདོད་པའི་སྙན་ངག་རེ་བ་ཀུན་སྐོང་།།


ཁེར་རྐྱང་ཁེར་མོར་བཀླག་ན་སེམས་ཀྱི་སྐྱོ་རོགས།།

ས་མཐའི་ཡུལ་ནས་བཀླག་ན་དྲན་པའི་གདུང་དབྱངས།།

ན་ཟླའི་ལྷན་དུ་བཀླག་ན་དགའ་བའི་དགོད་སྒྲ །

ང་ཡི་འདོད་པའི་སྙན་ངག་དགའ་སྐྱོའི་དཔུང་རོགས།།


ཚ་བའི་ཀློང་ནས་བཀླག་ན་ལྗོན་པའི་གྲིབ་བསིལ།།

འཁྱག་རོམ་ཁྲོད་ནས་བཀླག་ན་མེ་ཡི་དྲོ་ཁ།།

ཚ་དུས་བསིལ་ཞིང་འཁྱག་དུས་གྲང་བའི་གཉེན་པོ།།

ང་ཡི་འདོད་པའི་སྙན་ངག་ཉི་མ་ཟླ་བ།།


ཕྲག་དོག་ཅན་ཚོས་བཀླག་ན་དུག་གི་ཚེར་མ།།

ཞེ་སྡང་བ་ཡིས་བཀླག་ན་ཁོང་ཁྲོའི་མེ་ལྕེ།།

ང་རྒྱལ་ཅན་གྱིས་བཀླག་ན་གླང་ཆེན་སྨྱོན་པ།།

ང་ཡི་འདོད་པའི་སྙན་ངག་དུག་ཆུ་ཁོལ་མ།།


བླ་མའི་དྲུང་ནས་བཀླག་ན་བླ་མའི་མཆོད་པ།།

ལྷ་ཡི་མདུན་ནས་བཀླག་ན་ལྷ་ཡི་གསེར་སྐྱེམས།།

ཕ་མའི་སྔུན་ནས་བཀླག་ན་ཕ་མའི་དྲིན་ལན།།

ང་ཡི་འདོད་པའི་སྙན་ངག་དྲིན་ལན་ངོ་ཤེས།།


མཁས་པའི་མདུན་ནས་བཀླག་ན་གླེགས་བམ་མཐུག་པོ།།

བླུན་པོའི་རྣ་ལ་བསྒྲོག་ན་ཐང་གི་གཅིན་སྐྱག །

མཁས་བླུན་བར་གསུམ་ཚང་མ་ལྷན་ཅིག་དགའ་བྱེད།།

ང་ཡི་འདོད་པའི་སྙན་ངག་གང་ལ་དེ་མཐུན།།


ཁྲིམས་ཀྱི་མདུན་ནས་བཀླག་ན་དྲང་བའི་རྒྱ་མ།།

བཙན་པོའི་མདུན་ནས་བཀླག་ན་ལྕགས་ཀྱི་ཐོ་བ།།

ཉམ་ཆུང་སྔུན་ནས་བཀླག་ན་རྒྱབ་ཀྱི་དཔུང་རོགས།།

ང་ཡི་འདོད་པའི་སྙན་ངག་བཟང་ངན་དབྱེ་འབྱེད།།


ཕྱུག་པོས་མཛོད་ནས་བཀླག་ན་སྦྱིན་གཏོང་ཆེན་པོ།།

དབུལ་བོས་སྲང་ནས་བཀླག་ན་ཡོང་སྒོ་མང་བོ།།

དབུལ་ཕྱུག་གཉིས་ཀས་བཀླག་ན་མི་ཚེ་དོན་ལྡན།།

ང་ཡི་འདོད་པའི་སྙན་ངག་དཔག་བསམ་ལྗོན་པ།།


ཆུང་མའི་རུམ་ནས་བཀླག་ན་སྙིང་ཤ་དྲོན་པོ།།

དགའ་རོགས་བྲང་ནས་བཀླག་ན་གསང་བ་དམ་པོ།།

སུ་དང་གང་གིས་བཀླག་ན་ཚོར་བ་གསོན་པོ།།

ང་ཡི་འདོད་པའི་སྙན་ངག་འདོད་པའི་ཞིང་ཁམས།།


ཆགས་ཅན་སྐྱེ་བོས་བཀླག་ན་ཁུ་བ་རང་ཤོར།།

འདོད་ལྡན་བུ་མོས་བཀླག་ན་གཡའ་ཆུ་རང་འཛག །

ཉིན་མཚན་དབྱེར་མེད་སྤྱད་ཀྱང་འདོད་པ་རྫོགས་མེད།།

ང་ཡི་འདོད་པའི་སྙན་ངག་འདོད་པའི་གཏེར་མཛོད།།


ཕྱི་མའི་ཁམས་ནས་བཀླག་ན་ལྷ་ཡི་ཡུལ་ལྗོངས།།

བར་བདོའི་ཁམས་ནས་བཀླག་ན་འཇིགས་སྐྲག་རང་སེལ།།

མི་ཡི་ཡུལ་ནས་བཀླག་ན་འདོད་པའི་ལོངས་སྤྱོད།།

ང་ཡི་འདོད་པའི་སྙན་ངག་ཁམས་གསུམ་སྒྲོན་མེ།།



༡༤/༠༧/༠༣ ཕྱི་དྲོར། 



Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།