ངའི་སྙན་ངག་ལ་ལྟ་སྟངས།

22/07/2014 21:44


      ངས་སྙན་ངག་ལ་ལྟ་སྟངས།


འབའ་སྲས།


ཚིག་འགྲོས་གློ་བུར་མ་འཁྱོལ་མཉམ་པའི་གདངས།།

འགྱུར་བ་མངོན་དུ་གསལ་ལ་མཛེས་པའི་ཉམས།།

དོན་གང་ཇི་ལྟར་བརྗོད་ལ་ཐབས་ཀྱི་རྩལ།།

རྣམ་གསུམ་གཅིག་འདྲེས་སྙན་ངག་མཆོག་ཏུ་ལྟ།།


རྨང་ནས་ཅི་ཡང་མ་མཐོང་མ་ཐོས་པ།།

ཚོར་བའི་ནང་འཇུག་ཁོ་ནར་བརྟེན་པ་དང་།།

རྟོག་བློ་རྐྱང་བས་ཡིན་ཞེས་སྙན་ངག་ཅིག །

གནའ་ནས་དེ་རིང་བར་དུ་བྱུང་མེད་ལོ།།


ཚིག་གི་སྒྱུ་རྩལ་ཁོ་ནས་སྤྲས་པ་ཡི།།

དུས་ཀྱི་ཆ་ནས་མཆོག་གྱུར་སྙན་ངག་མང་།།

དོན་གནད་གཙོ་བོར་བཟུང་བའི་ཚིག་འགྲོས་ཙམ།།

སྙན་ངག་མཆོག་ལ་ལྟ་བའི་དུས་ཀྱང་སྲིད།།


འོན་ཀྱང་ཚིག་དོན་ཉམས་ཀྱིས་དབུལ་བ་ཡི།།

དོན་གནད་གང་ཞིག་གླེང་བའི་ལྕེ་ལྡན་ཡང་།།

དེ་ནི་སྙན་ངག་ཡིན་ཞེས་སྒྲོགས་པ་དག །

སྙན་ངག་ཤེས་པའི་ཤེས་བྱེད་བདག་ལ་མེད།།


ཚིག་གི་ཆ་ནས་བཀླག་འདོད་རྣ་བར་སྙན།།

དོན་གྱི་ཐད་ནས་བསམ་པ་ཤིན་ཏུ་མང་།།

ང་ཡིས་ཤེས་ཀྱང་འདི་ལྟར་འབྲི་མི་ཤེས།།

ཚོར་བ་སྟེར་ཐུབ་སྙན་ངག་མཆོག་ཏུ་ལྟ།།


དེ་མིན་ཚོར་བ་སྙན་ངག་འབྱུང་ཁུངས་དང་།།

དགའ་སྡུག་སྐྱོ་གསུམ་སྙན་ངག་བརྗོད་བྱ་ཞེས།།

བཤད་བྲིས་ཚང་མ་སྙན་ངག་ཡིན་སྲིད་ན།།

བཟའ་མཁོན་ཆང་སྐྱོན་དག་ཀྱང་སྙན་ངག་ལོ།།


མཐོང་ཐོས་མྱོང་གསུམ་སྔོན་དུ་སོང་བ་ཡི།།

བྱ་དངོས་གང་ཞིག་འཇིག་རྟེན་སྐད་ཆ་ལས།།

ཅུང་ཟད་རིང་དུ་འདས་པའི་བརྗོད་ཉམས་དང་།།

ཚིག་འགྲོས་བང་མཉམ་སྙན་ངག་མཆོག་ཏུ་ལྟ།།


ཚིག་ཉམས་གཙོ་བོར་འཛིན་པ་གལ་ཆེན་མིན།།

དོན་གནད་གཙོ་བོར་བྱེད་པའང་སྐྱོན་དུ་མཐོང་།།

ཚིག་དོན་གཉིས་ཀ་ཆུ་དང་འོ་མ་བཞིན།།

ལྷུན་དུ་བསྟེར་བ་སྙན་ངག་མཆོག་ཏུ་ལྟ།།


སྙན་ངག་ཅི་ཡང་མ་བྲིས་སུ་ཞིག་གིས།།

སྙན་ངག་རབ་འབྲིང་ཐ་ཡི་དབྱེ་འབྱེད་དཀའ།།

དཔེར་ན་ཆང་ཞིག་ཁ་ལ་མ་རེག་པས།།

ཆང་གི་རོ་བྲོ་དབྱེ་བ་འབྱེད་མི་ཤེས།།


དུ་འཐེན་རྣམས་ཀྱིས་དུ་བའི་རོ་བྲོ་མྱོང་།།

གཞན་དག་དུ་བའི་སྤྲིན་པ་མཐོང་ཙམ་ཉིད།།

རང་རང་ས་ན་མཐོང་ཚུལ་མི་འདྲ་ཡང་།།

དུ་བ་ངོ་མ་དུ་འཐེན་དག་གིས་ཤེས།།


དེ་བས་སྙན་ངག་ཡིན་མིན་ཇི་ལྟར་ལྟ།།

མཁས་དང་ཡོན་ཏན་ཁོ་ནས་མཐོང་མི་སྲིད།།

སྙན་ངག་ཤེས་ཤིང་དེ་ཡི་བསམ་བློ་དགོས།།

དཔྱད་དང་བློ་ཡི་རྣམ་རིག་ཤིན་ཏུ་མཁོ།།


དེ་མིན་སྙན་ངག་ལ་ནི་མཚན་ཉིད་མེད།།

སྙན་ངག་བརྗོད་བྱ་འདི་ཞེས་འཛིན་ཏུ་མེད།།

ཡ་མཚན་བཤད་བྲིས་ཚང་མ་སྙན་ངག་ཅེས།།

སྒྲོག་པ་པོ་ནི་སྙན་ངག་མ་ཤེས་སྐྱོན།།


༡༤/༠༢/༢༨ ཕྱི་དྲོར།


Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།